R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༢བ
[A:༤༢བ]ནམ། །དེས་ན་སྨྲ་བ་ཉུང་ན་མཛེས། །ཞེས་གསུངས་སོ། །ཡང་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་དྲི་བ་བཞི་པ་ནི། གཞན་ཡང་གྲྭ་སྟོན་ཞུས་ལན་ནས། །འབྱུང་བའི་ལམ་རིམ་ལམ་འབྲས་དང་། །རྒྱུད་གསུམ་དང་ནི་མདོ་རྒྱུད་སྤྱིའི། །ལམ་རིམ་གསུམ་པོ་གང་དུ་འཚལ། །དང་པོ་ལྟར་ན་སྣང་གསུམ་གྱི། །སྔོན་དུ་དབང་བསྐུར་བཤད་འདུག་གམ། །གཉིས་པ་ལྟར་ན་ཚུལ་དེ་དང་། །འགལ་བའི་ལམ་འབྲས་རྒྱུད་གསུམ་ནས། །བཤད་པ་མིན་པར་ཁས་ལོང་ཞིག །ཕྱི་མ་ལྟར་ན་ལམ་འབྲས་དང་། །མི་མཐུན་ལམ་དེ་མདོ་རྒྱུད་ཀྱི། །དགོངས་པར་གྲུབ་ཕྱིར་ལམ་འབྲས་ཀྱི། །གོ་རིམ་དེ་འདྲ་གང་ནས་བྱོན། །མདོ་རྒྱུད་ཀུན་དང་མི་མཐུན་པའི། །ལམ་དེ་གོང་མའི་དགོངས་པ་ཞེས། །སྨྲ་བ་དེ་དག་གད་མོའི་གནས། །ཞེས་པའི་ལན་དུ་དྲི་ལན་དེ་ཉིད་ལས། ཐོག་མར་དབང་པོ་རབ་འབྲིང་གསུམ་གྱིས་བཀྲི་བའི་ཁྲིད་རིམ་རྩོད་གཞིར་བཟུང་ནས། སྔར་གྱི་དྲི་བའི་ཚིག་དེ་ཇི་ལྟ་བ་བཞིན་བཀོད་དེ། ཞེས་པ་བཟློག་ན་ཇི་སྐད་སྨྲ། །ཞེས་མགོ་སྒྲེ་བ་མཛད་ཅིང་། དེའི་རྗེས་སུ། གཞན་ཡང་རྒྱུ་དུས་དབང་གི་སྔོན། །སྣང་གསུམ་དགོས་པའི་སྐྱབས་གནས་སུ། །གྲྭ་སྟོན་ཞུ་ལན་འཚོལ་མོད་ཀྱི། །དེ་ནི་སྤྱིར་དུ་མདོ་སྔགས་ཀྱི། །ལམ་གྱི་འགྲོ་ཚུལ་བསྡུས་པ་ཙམ། །བསྟན་པ་ཡིན་གྱི་ཁྱད་པར་དུ། །གཞུང་བཞིན་བཀྲི་བའི་ཁྲིད་ཀྱི་རིམ། །ངེས་པར་བསྟན་པ་མ་ཡིན་ལ། །ཡིན་ན་སྣང་གསུམ་རྒྱུད་གསུམ་གྱི། །གོ་རིམ་ཚང་བར་སྟོན་དགོས་ལས། །ཐུན་མོང་མ་ཡིན་ཉམས་སྣང་དང་། །དག་པའི་སྣང་བའི་མིང་ཙམ་ཡང་། །བསྟན་པ་མེད་ཕྱིར་སྣང་གསུམ་གྱི། །སྣང་བ་ཕྱེད་གཉིས་ལས་མེད་པའི། །སྣང་