R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༤ན
[A:༤༤ན]ཉམས་ལེན་མ་ལུས་རྒྱུད་གསུམ་དག་གིས་ཤེས། །ཞེས་གསུངས་ལ། དེ་དང་མཐུན་པར་རྗེ་བཙུན་གྱིས་གཞུང་ཇི་ལྟ་བ་བཞིན་བཀྲི་བའི་ཁྲིད་ཡིག་ཇོ་ལྕགས་ཀྱི་དོན་དུ་མཛད་པ་ལས། སྣང་བ་གསུམ་གྱིས་བཀྲི་བའི་སྐབས་བསྟན་ཟིན་ཏོ། །དེའི་རྗེས་ཁོ་ན་ལ་རྒྱུད་གསུམ་གྱིས་བཀྲི་བར་བྱ་སྟེ། དེ་ལ་གསུམ། རྒྱུ་ཆོས་ཅན་འཁོར་བའི་གནས་ཚུལ། ལམ་ཇི་ལྟར་བསྒོམ་པའི་ཚུལ། འབྲས་བུ་སངས་རྒྱས་ཀྱི་སའོ། །དང་པོ་འདིར་མི་འཆད་དེ་མ་དག་པའི་སྣང་བའི་སྐབས་སུ་བསྟན་ཟིན་ཏོ། །ལམ་ལ་གསུམ་སྟེ་གཞི་དམ་ཚིག་ལ་གནས་པར་བྱ་བ་དང་། གང་ཟག་བཀྲི་བའི་ཚུལ་གང་ཡིན་པ་དང་། ངེས་ཤེས་བསྐྱེད་ལ་ཏིང་ངེ་འཛིན་ངོ་ཤེས་པར་བྱ་བའི་ལམ་གྱི་ས་མཚམས་བཞག་པའོ། །དང་པོ་ནི་ལམ་ཐམས་ཅད་ཀྱི་རྩ་བ་ཡིན་ཅིང་། གང་ཟག་འབྲིང་གི་ལམ་གྱི་གཙོ་བོ་ཡིན་པས་དམ་ཚིག་ཉི་ཤུ་བསྐྱང་བར་བྱ་སྟེ། དབང་དང་དམ་ཚིག་ལ་གནས་པ་ནི་ལམ་ཐམས་ཅད་ཀྱི་གཞི་ཡིན་ནོ་ཞེས་སྣང་བ་གསུམ་གྱིས་དཀྲིས་ཟིན་ནས་དབང་དང་དམ་ཚིག་སྟོན་པར་གསུངས་པ་དང་། རྗེ་ས་པཎ་གྱིས་བརྡ་དོན་གསལ་བ་ལས། དབང་ཐོབ་ཟིན་པའི་གང་ཟག་ལ་དང་པོ་ཉིད་ནས་ལྟ་བ་སྟོན་པར་གསུངས་པས་ཞེས་གསུངས་པ་ལྟར་ཡིན་ལ། དེ་དག་ལ་རང་གི་གོ་ཚོད་ཀྱིས་རྣམ་དབྱེ་ཅུང་ཟད་རེ་ཕྱེ་ན། རྗེ་བཙུན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་གསུང་ངག་འཆད་པའི་ཚེ་སྣང་གསུམ་སྔོན་དུ་ངེས་པར་དབང་བསྐུར་བ་བྱས་ནས་ཁྲིད་སྟོན་པ་འདི་སྐལ་ལྡན་ཅིག་ཅར་བ་དང་། སྐལ་དམན་རིམ་འཇུག་པ་གང་གིས་ལམ་གྱི་བཀྲི་ཚུལ་ཡིན་ཞེས་དྲི་བ་མཛད་པ་ལ། སྒྱི་ཆུ་བ་བུདྡྷ་ཤྲཱིས་དེ་