R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༤བ
[A:༤༤བ]གཉིས་གང་ཡིན་གྱི་གསལ་ཁ་མ་ཕྱེ་བར་ལམ་འབྲས་ཚར་གཉིས་འཆད་པའི་ཚེ་གཉིས་པ་དེ་རྩོད་གཞིར་བཟུང་ནས་མགོ་མཚུངས་ཀྱི་ལན་མཛད་པས་ནི་རྫོང་པ་རང་ད་ལྟ་ཕྱག་ལེན་མཛད་པའི་ལམ་འབྲས་ཀྱི་ཁྲིད་ཚུལ་འདི་སྐལ་ལྡན་ཅིག་ཅར་བ་དང་། སྐལ་དམན་རིམ་འཇུག་པའི་ལམ་གཉིས་ཀྱི་བཀྲི་ཚུལ་གང་ཡང་མིན་གསུངས་པ་འདྲ་བ་ཞིག་འདུག་པ་དེ་ལྟར་བཞེད་ན། རྩ་བའི་རྒྱུད་བརྟག་པ་གཉིས་པ་ལས། སྐལ་དམན་སེམས་ཅན་འདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །ཞེས་པའི་ལན་དུ། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་པ་ནས། དེ་རྗེས་ཀྱཻ་རྡོ་རྗེ་བསྟན། ཞེས་པའི་བར་གསུངས་པ་འདིས་སྐལ་དམན་རིམ་འཇུག་པའི་ལམ་རིམ་དང་། དེའི་ཤུགས་ལ། སྐལ་ལྡན་སེམས་ཅན་འདུལ་སླ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །ཞེས་པའི་ཞུ་བ་དང་། དེའི་ལན་དུ། དང་པོར་ཀྱཻ་རྡོ་རྗེ་བསྟན། །ཞེས་པ་དོན་གྱིས་ཐོབ་པར་བཤད་པ་དེས་སྐལ་ལྡན་ཅིག་ཅར་བའི་ལམ་རིམ་བསྟན་པ་དེ་མི་འཐད་པར་འགྱུར་ཞིང་། དེ་ལྟར་བདག་མེད་མས་གདུལ་བྱ་ལ་སྐལ་དམན་རིམ་འཇུག་པ་དང་སྐལ་ལྡན་ཅིག་ཅར་བ་གཉིས་སུ་ཕྱེ་ནས་དེ་གཉིས་འདུལ་ཐབས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་དེ་གཉིས་འདུལ་ཚུལ་གསུངས་པའང་འབྲེལ་མེད་དུ་བཞེད་དགོས་པར་འགྱུར་རོ། དེ་བཞིན་དུ་ཆོས་རྗེ་བྱང་ཆུབ་དབང་རྒྱལ་གྱིས་ཀྱང་མགོ་མཚུངས་ཀྱི་ལན་མང་དུ་མཛད་མོད། སྤྱིར་མགོ་མཚུངས་ཀྱི་ལན་གཏན་ནས་མི་རུང་བ་མ་ཡིན་ཀྱང་། མགོ་མཚུངས་མི་མཚུངས་བརྟགས་ནས་བྱ་དགོས་ཏེ། མ་བརྟགས་པར་གྱ་ཚོམ་དུ་བཀོད་ན་མགོ་སྒྲེ་མི་ནུས་པ་མང་དུ་འབྱུང་བས་སོ། །དེའང་