R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༥ན
[A:༤༥ན]མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱིས། སྣང་གསུམ་ཐུན་མོང་ལམ་མིན་ན། །སྔགས་ལམ་ཁོ་ནར་འདོད་ནུས་སམ། །ནུས་ན་མདོ་རྒྱུད་ཐམས་ཅད་ཀྱི། །སྙིང་པོ་བསྡུས་པ་ཡིན་ནོ་ཞེས། །སྨྲ་བ་ནེ་ཙོའི་འདོན་པ་སྟེ། །མདོ་སྡེའི་སྙིང་པོ་གང་ལ་བྱེད། །ཅེས་གསུངས་པ་ལ། ཆོས་ཀྱི་རྗེ་བྱང་ཆུབ་དབང་རྒྱལ་གྱིས། །དེ་ལ་སྣང་བ་གསུམ་པོ་ནི། །ཐུན་མོང་ལམ་ཡིན་ཤེས་བྱེད་མེད། །ཡོད་ན་སྔགས་ལམ་ཡིན་ནམ་ཅི། །སྔགས་ལམ་ཡིན་ན་སྨིན་གྲོལ་ལས། །གཞན་མེད་སྨིན་བྱེད་ཡིན་ནམ་ཅི། །ཞེས་སོགས་སྐྱོན་བརྗོད་ཐམས་ཅད་ཀྱང་། །རང་ལ་ལོག་པ་མ་ཡིན་ནམ། །དེ་ལྟར་མིན་ན་སྣང་བ་གསུམ། །མདོ་ལམ་ཁོ་ནར་འདོད་ནུས་སམ། །ནུས་ན་མདོ་རྒྱུད་ཐམས་ཅད་ཀྱི། །སྙིང་པོ་བསྡུས་པ་ཡིན་ནོ་ཞེས། །སྨྲ་བ་ནེ་ཙོའི་འདོན་པ་སྟེ། །སྔགས་ཀྱི་སྙིང་པོ་གང་ལ་བྱེད། །ཅེས་གསུངས་པ་འདིའི་མགོ་མཚུངས་དང་པོ་དེ་ངོ་ཐོག་ཙམ་ལ་ཅུང་ཟད་འགྲིགས་པ་ལྟར་སྣང་ཡང་། མགོ་མཚུངས་ཕྱི་མ་དེ་ལ་རྣམ་དཔྱད་ཆེར་མ་བྱུང་སྟེ། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་དེའི་དོན་ནི་སྣང་གསུམ་ཐུན་མོང་མ་ཡིན་པའི་ལམ་ཡིན་ན། གསུང་ངག་ལམ་འབྲས་འདི་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་བསྡུས་པའི་ལམ་དུ་མི་འགྱུར་ཏེ། སྣང་གསུམ་ནི་སྔགས་ལམ་དུ་བསྡུས། དེ་ལས་གཞན་པའི་གསུང་ངག་ལམ་འབྲས་ཀྱི་ནང་ན་མདོ་སྡེའི་སྙིང་པོར་གྲུབ་པའི་ལམ་མེད་པས་གང་ལ་ངོས་འཛིན་ཞེས་པའི་དོན་ཡིན་ལ། དེ་ལ་རྗེ་བྱང་ཆུབ་དབང་རྒྱལ་གྱིས་མགོ་མཚུངས་བརྗོད་པའི་དོན་ནི་སྣང་གསུམ་མདོ་ལམ་ཁོ་ནར་འདོད་ནུས་སམ། ནུས་ན་ལམ་འབྲས་ལ་མདོ་རྒྱུད་