R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༥བ
[A:༤༥བ]ཀྱི་སྙིང་པོ་བསྡུས་པའི་ལམ་རིམ་ཞེས་བརྗོད་པ་མི་རིགས་ཏེ། སྣང་གསུམ་ནི་མདོ་ལམ་ཡིན། སྔགས་ཀྱི་སྙིང་པོ་གང་ལ་ངོས་འཛིན་ཞེས་པར་སོང་བས། དེ་ལ་ནི་ངོར་ལུགས་པ་དག་གིས་ལམ་འབྲས་ལ་མདོ་རྒྱུད་གཉིས་ཀའི་ལམ་ཚང་བར་བཤད་པའི་སྔགས་ལམ་ནི་རྒྱུད་དབང་བསྐུར་ནས་རྒྱུད་གསུམ་གྱི་སྒོ་ནས་བཀྲི་བའི་ལམ་རིམ་འདི་ཡིན་ཞེས་པའི་ལན་དོན་མཐུན་དུ་ཐེབས་པའི་ཕྱིར་རོ། །དེ་དག་ནི་དགག་སྒྲུབ་ཀྱི་ཚེ་བརྗོད་ཚུལ་གྱི་ཆ་ལ་རྣམ་དབྱེ་ཅུང་ཟད་ཕྱེ་བ་ཡིན་གྱི། དོན་གྱི་སྙིང་པོ་ནི་གསུང་ངག་འཆད་པའི་ཚེ་སྣང་གསུམ་གྱི་སྔོན་དུ་དབང་བསྐུར་བ་འདི་གཙོ་བོར་རྫོང་ལུགས་ཀྱི་ཕྱག་ལེན་ལ་སྣང་ཞིང་། དེ་ལུང་རིགས་ཀྱིས་སྒྲུབ་པའང་མཛད་དོ། །ངོར་ལུགས་ལ་གསུང་ངག་འཆད་པའི་ཚེ་ཐོག་མར་སྣང་བ་གསུམ་གྱི་ཁྲིད་བསྟན། དེ་ནས་རྒྱུ་དབང་བསྐུར། དེ་ནས་སྔགས་ལམ་གྱིས་བཀྲི་བ་འདི་གཙོ་བོར་ཕྱག་ལེན་ལ་མཛད་ཅིང་། དེའང་ཁྲིད་ཡིག་ཇོ་ལྕགས་མ་དང་གྲྭ་སྟོན་ཞུས་ལན་གྱི་དགོངས་པ་དང་མཐུན་པར་སྒྲུབ་པ་མཛད་པ་ཡིན་ནོ། །དེ་ལ་སྣང་གསུམ་གྱི་སྔོན་དུ་དབང་བསྐུར་བ་འདི་གཏན་ནས་མི་རུང་བ་མ་ཡིན་ཏེ། སྐལ་ལྡན་ཅིག་ཅར་བའི་རིགས་ཅན་འགའ་ཞིག་ལ་ཐུན་མོང་བའི་ལམ་གྱི་སྦྱངས་བ་སྔོན་དུ་མ་སོང་ཡང་དང་པོ་ཉིད་ནས་དབང་བསྐུར་བས་ཆོག་པ་ནི། སྐལ་དམན་སེམས་ཅན་འདུལ་དཀའ་བ། །ཞེས་སོགས་ཀྱི་ཤུགས་བསྟན་གྱི་ཞུས་ལན་དང་། གདོལ་པ་སྨྱིག་མཁན་ལ་སོགས་པ། །གསོད་དོན་དོན་དུ་སེམས་པ་པོ། །དེ་རྣམས་ཀྱེ་རྡོ་རྗེ་ཤེས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཞེས་གསུངས་པ་སོགས་ལ་བརྟེན་ནས་རྗེ་བཙུན་གོང་མ་དག་གིས་གསལ་བར་བཤད་པས་