R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༨བ
[A:༤༨བ]རིགས་ལེགས་པར་བརྟགས་ཏེ་སྐལ་ལྡན་ཅིག་ཅར་བའི་རིགས་ཅན་ཡིན་ན་ཐུན་མོང་བའི་ལམ་གྱིས་བཀྲི་བ་ལ་མ་ལྟོས་པར་དང་པོ་ཉིད་ནས་དབང་བསྐུར་ཏེ་ལྟ་བ་ལ་སོགས་པ་བསྟན་པས་ཆོག་པ་ཡིན་ཡང་། སྐབས་འདིར་གང་ཟག་སྐལ་དམན་རིམ་འཇུག་པ་བཀྲི་ཚུལ་གྱི་རྣམ་གཞག་གཙོ་ཆེ་བས། དེའི་ལུགས་ལ་དབང་གི་སྔོན་དུ་ཐུན་མོང་བའི་ལམ་གྱིས་ངེས་པར་བཀྲི་དགོས་པར་དབང་གི་ཆུ་བོ་ཆེན་མོ་བཀླགས་པ་ཙམ་གྱིས་ཀྱང་གོ་བར་ནུས་པས། སྣང་བ་གསུམ་གྱི་ཁྲིད་ཀྱང་གཞན་དོན་དུ་སློབ་མ་རྗེས་སུ་བཟུང་བའི་ས་ཁོངས་སུ་བསྡུས་ནས་དབང་གི་སྔོན་འགྲོར་བཞེད་པ་ཡིན་གྱི། སྨིན་གྲོལ་གཉིས་ཀྱིས་ཕྱེ་བའི་ཕྱི་མའི་ཁོངས་སུ་འདྲེན་པར་མི་མཛད་པར་མཆིས་ལགས། གལ་ཏེ་དེ་ལྟར་མི་བཞེད་པར་དངོས་བསྟན་སྒྲ་ཇི་བཞིན་པ་དེ་ལས་གཞན་ཅི་ཡང་བཤད་དུ་མེད་ན་སྣང་བ་གསུམ་གྱི་ཁྲིད་གང་དུ་སྟོན་གྱི་གསལ་ཁ་ཅི་ཡང་མེད་པས་གསང་བ་སྒོ་འབྱེད་ཁས་ལེན་པ་དག་གི་ལུགས་ལ་སྣང་བ་གསུམ་གྱི་ཁྲིད་གཏན་ནས་སྟོན་མི་དགོས་པར་ཐལ་བའི་སྐྱོན་དུ་འགྱུར་བ་མ་ལགས་སམ་ཞེས་པ་དང་། གཞན་ཡང་སྣང་བ་གསུམ་གྱི་ཁྲིད་ཐོག་མར་བསྟན་ནས། དེ་ནས་དབང་དང་དམ་ཚིག་སོགས་སྟོན་པར་གསུངས་པའི་ཁྲིད་རིམ་དེ་གོང་མའི་གསུང་མང་པོ་ཞིག་གིས་སྒྲུབ་པར་མཛད་རྗེས་སུ། རྗེ་བཙུན་གོང་མའི་ཕྱག་ལེན་མ་འཆུགས་པ་རྣམས་ལ་བཀྲི་ཚུལ་དེ་འདྲ་བ་ཞིག་ཡོད་པར་སྣང་ཡང་། བར་སྐབས་སུ་གདུལ་བྱ་ལ་ལྟོས་ནས་དབང་བསྐུར་དང་པོ་ནས་ཐོབ་ཟིན་པ་ལ་ཁྲིད་དམིགས་རྣམས་ཕྱི་ནས་སྟོན་པའི་ཕྱག་ལེན་སྒོ་ཡང་ཕྱོགས་ནས་སྟོན་པ་དུ་མ་ཞིག་བྱུང་བར་སྣང་ཞིང་། འཆད་ཚུལ་དེ་ལ་སྣང་བ་གསུམ་