R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༩ན
[A:༤༩ན]གྱི་ཁྲིད་མ་བསྟན་ཡང་རུང་མོད། འོན་ཀྱང་ངེས་འབྱུང་གི་བསམ་པ་བསྐུལ་བ་སོགས་དགོས་བྱེད་ཁྱད་པར་ཅན་དུ་མ་གཟིགས་ནས་སྣང་བ་གསུམ་ཡང་ཁྲིད་ཀྱི་ཁ་ཚང་བའི་ཕྱིར་སྟོན་པར་མཛད་པ་ཡིན་གྱི། གཞུང་གི་བབས་ལ་གོ་རིམ་དེ་འདྲ་ཞིག་ངེས་པར་དགོས་པར་བཞེད་པ་མ་ཡིན་པ་འདྲ་ལགས་ཞེས་སོགས་དང་། མདོར་ན་གཞུང་ཤིང་གི་བབས་ལ་དང་པོར་སྣང་བ་གསུམ་བསྟན་ནས་དབང་བསྐུར་ཏེ་གྲོལ་བྱེད་ཀྱི་ལམ་རྣམས་རིམ་གྱིས་སྟོན་པ་དང་། གདུལ་བྱ་ལ་ལྟོས་ནས་ཅི་རིགས་པར་སྟོན་དུ་རུང་བའི་ཁྱད་པར་སོ་སོར་ཤེས་ན་ལོག་རྟོག་ཁོ་ནས་དུས་འདའ་མི་དགོས་ཤིང་། ཐུབ་པའི་བསྟན་པ་གཅེས་པར་འཛིན་པའི་གང་ཟག་དམ་པ་རྣམས་ལ་ངན་སྨྲས་འབའ་ཞིག་བྱེད་པའི་སྡིག་པའི་ཁུར་ཆེན་པོས་མི་ནོན་པར་མཆིས་ལགས་ཞེས་གསུངས་ཤིང་། བདག་གི་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་ཀྱི་གྲགས་པའི་གསུང་ལས། སྣང་གསུམ་ཁྲིད་ཀྱི་སྐྱབས་འགྲོའི་དམིགས་པའི་སྐབས། །བླ་མ་བླ་མའི་རྣམ་པའམ་གང་དུ་བསྒོམ། །འགའ་ཞིག་རྡོ་རྗེ་འཆང་དུ་བསྒོམ་ཞེས་པ། །ཕར་ཕྱིན་ལམ་གྱི་སྙིང་པོར་འདི་འཐད་དམ། །ཞེས་པའི་དྲི་བ་མཛད་ནས། དེ་ལྟར་འདྲི་དགོས་པའི་རྒྱུ་མཚན་དུ། རྫོང་ཕྱོགས་པ་དག་སྣང་གསུམ་ཁྲིད་ཀྱི་སྐྱབས་འགྲོ་ལ་བླ་མ་རྡོ་རྗེ་འཆང་དུ་བསྒོམ་པ་ཆོས་རྗེ་བླ་མ་དམ་པའི་ཁྲིད་ཡིག་སྦས་དོན་གསལ་བར་དེ་བཞིན་བཤད་པ་ལ་བརྟེན་པ་ཡིན་ལ། དེའི་རྒྱུ་མཚན་ཡང་སྔོན་ལ་དབང་བསྐུར་ནས་དེའི་རྗེས་སུ་སྣང་གསུམ་གྱི་ཁྲིད་སྟོན་པས་ན་སྐྱབས་འགྲོའི་སྐབས་སུ་བླ་མ་རྡོ་རྗེ་འཆང་ཀྱེ་རྡོར་དུ་བསྒོམ་པ་གཞིར་བཞག་ལ། དེ་ཉིད་