R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༡༤༢
[A:༡༤༢]གཞོན་བརྩོན་ལ་རབ་ཏུ་བྱུང་བའི་མཚན་ཤཱཀྱ་རྒྱལ་མཚན་དུ་གསོལ། གདན་སར་བརྟག་གཉིས་དང་། རྩེས་ཐང་དུ་བཀའ་པོ་ཏི་བཞི་ལ་བཤད་པ་མཛད་པས་མཁས་པའི་གྲགས་པ་ཐོབ། བུ་སྟོན་རིན་པོ་ཆེའི་དྲུང་དུ་རྡོ་རྗེ་ཐེག་པའི་རྒྱུད་བཤད་དབང་ལུང་མང་དུ་གསན་པས། མགོན་པོ་གདོང་གི་རི་མན་གྱིས་ཡར་ཀླུངས་ཀྱི་ཞིང་རེའི་ཁར་དཀྱིལ་འཁོར་རིགས་མི་འདྲ་བ་རེ་བཞེངས་ཀྱང་ཁེབ་པར་ཡོད་ཅེས་བུ་སྟོན་ཆོས་རྗེས་ཞལ་ཕོ་གསུངས། ཆོས་རྗེ་བླ་མ་དམ་པའི་དྲུང་དུ་བསྙེན་པར་རྫོགས་ཏེ་ལྷ་སར་ཆོས་འཁོར་དང་། རྩེས་ཐང་གི་ཚོགས་པ་ལོ་བཅུ་གསུམ་གྱི་བར་དུ་སྐྱོང་བར་མཛད། མི་རིང་བར་ཕོ་བྲང་སྣེའུ་གདོང་རྩེའི་ཁྲི་ཐོག་ཏུ་ཕེབས་ཏེ་ཧོར་གོང་མ་རྒྱལ་པོས། ཏའི་སི་ཏུ་དང་ཆང་གུའི་ལུང་། ཀྭ་དིན་གུ་ཤྲི་ལས་ཀ་དང་དམ་ཁ་གནང་། བོད་ཆོལ་ཁ་གསུམ་བརྒྱུད་པ་དང་བཅས་པ་ཤེས་སུ་འཇུག་པའི་འཇའ་སས་སྤུར་རྒྱལ་བོད་གྱི་རྒྱལ་ཁམས་ན་མངོན་པར་མཐོ། གཙང་ཕྱོགས་སུ་ལོག་པར་འཁུ་བའི་ཀུན་དཀྲིས་ཀྱིས་བརྣག་པའི་སེམས་ལྡན་འགའ་ཞིག་གི་སྟེང་དུ་དཔུང་གི་སྦྱོར་བ་བཤམས་དུས། ཆོས་སྐྱོང་བྱ་རོག་གདོང་ཅན་གྱི་ནུས་པས་དམག་རྣམས་གཙང་པོ་ལ་ཐོགས་མེད་དུ་ཕྱིན། ཕྱིར་ཕེབས་ནས་དཔལ་ལྡན་བླ་མ་དམ་པ་གཙོ་བོར་བཞུགས་པའི་དགེ་འདུན་ཁྲི་ཕྲག་མང་པོ་ལ་ཞག་བཅུ་སྦྲེལ་དུ་གྱ་ནོམ་པའི་བཀུར་སྟི་མཛད་ནས་ཆོས་འཁོར་བཙུགས། མངའ་འབངས་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་འཁོད་པར་མཛད། དཔོན་རིན་ཅེན་རྡོ་རྗེ་ཟིན་བཀྲ་ཤིས་སྐྱིད་དང་། དོ་བྲག་མ་རིན་ཅེན་འཚོ་གཉིས་ཁབ་ཏུ་བཞེས་པའི་སྔ་མ་ལ་རྒྱལ་སྲས་གྲགས་པ་རིན་ཅེན་དང་། ཆོས་རྗེ་ཆོས་བཞི་པ་གཉིས་ལས། ཆོས་བཞི་པ་ཆུང་ངུའི་དུས་སུ་མཁན་ཆེན་སེང་གེ་རྒྱལ་མཚན་གདན་དྲངས་པས། སྨན་བླའི་ཕོ་བྲང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་སྐུ་ལུས་ལ་ཐིམ་པ་གཟིགས་པའི་ལུང་བསྟན་མཛད། རྒྱལ་སྲས་གྲགས་རིན་པ་ལ་བརྟག་གཉིས་ཀྱི་ལུང་ཞུས་ཏེ་ཐུགས་སྦྱོང་དང་། སྤྱན་སྔ་གྲགས་