R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༡༤༣
[A:༡༤༣]ཤེ་བ་ལ་དགེ་བསྙེན་གྱི་སྡོམ་པ་མནོས་པའི་མཚན་གྲགས་པ་བྱང་ཆུབ་ཏུ་གསོལ། འཇམ་དབྱངས་གུ་ཤྲི་ཆེན་པོས་གདུང་བརྒྱུད་སྤེལ་བའི་བཀའ་གནང་ཡང་མ་བཞེད་པར་ཆོས་རྗེ་དཔལ་ལྡན་བླ་མའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་གདན་ས་ཆེན་པོའི་གོ་སར་བཞུགས་ནས་ཟབ་རྒྱས་ཆོས་ཀྱིས་སྐལ་བཟང་གི་གདུལ་བྱ་སྨིན་པར་མཛད་ཅིང་། གུ་ཤྲི་ཆེན་པོའི་རྗེས་སུ་ཕོ་བྲང་སྣེའུ་གདོང་རྩེའི་ཁྲི་ཐོག་ཏུ་བྱོན་ནས་བླ་དཔོན་སྦྲགས་ཏེ་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་བཙོང་ཁ་པ་ཆེན་པོ་ཡང་འདི་ཉིད་ཀྱི་ཞབས་ལ་གཏུགས་ནས་མི་འཕྲོག་པའི་དད་པ་ཚད་མེད་པ་འཁྲུངས་ཏེ། མཁས་དབང་དཎྜིའི་གཞུང་ལུགས་ནས་དྲངས་པའི་རྟོགས་བརྗོད་དཔག་བསམ་ལྷུན་པོར་གྲགས་པའི་ལེགས་པར་བཤད་པའི་རྩོམ་པ་གནང་། སྤྱན་སྔ་རིན་པོ་ཆེ་ཡང་རྒྱལ་བ་བཙོང་ཁ་པ་ཆེན་པོའི་རྨད་དུ་བྱུང་བའི་མཁྱེན་རབ་ཀྱིས་གསུང་རབ་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་བྱོན་པ་གཟིགས་ནས་བསྔགས་པ་རྒྱ་ཆེར་མཛད། འདི་ཉིད་ཀྱི་གཅུང་ཆོས་རྗེ་བསོད་ནམས་གྲགས་པ་དཔོན་མོ་ལ་འཁྲུངས། མཁན་ཆེན་གཞོན་དབང་པའི་དྲུང་དུ་རབ་ཏུ་བྱུང་། རྩེས་ཐང་གི་གདན་སར་ཕེབས་ནས་འཆད་རྩོད་རྩོམ་པའི་སྐྱེས་བཟང་པོས་མཁས་པ་རྣམས་ཀྱི་ཡིད་ཡོངས་སུ་ཕྲོགས། ལྷ་སར་དགེ་འདུན་དཔག་ཏུ་མེད་པ་ལ་ཆོས་འཁོར་བསྐོར། ལོ་ཆེན་བྱང་ཆུབ་རྩེ་མོའི་དྲུང་དུ་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། ཕོ་བྲང་ཆེན་པོའི་ཁྲི་ཐོག་ཏུ་ཕེབས་ནས་ཕན་བདེའི་བསིལ་ཟེར་མངའ་འབངས་ཀུནྡའི་སྙིང་ལ་བྲིན་པར་མཛད། ས་སྐྱོང་ཤཱཀྱ་རིན་ཅེན་གྱིས་ཟིན་རིན་ཅེན་འཛོམ་ཞེས་པ་གྲོངས་ཚེ་ལས་དག་རྣམས་ཀྱི་སྣང་ངོར་སེངྒེ་ལ་ཆིབས་ནས་མཁའ་འགྲོས་སྤྱན་དྲངས་པ་མཐོང་ཞིང་། ཚེམས་ལ་དུང་གཡས་འཁྱིལ་བྱོན་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་