[A:༡༨༨]འཇུག་འདོད་ཀྱིས་ཚུར་རྒོལ་གྱི་སྡེ་གཟར་འགའ་ཞིག་བྱུང་བ་རྣམས་བཀའ་ཁྲིམས་སྒྱུར་བའི་བྱེད་པོ་བསོད་ནམས་རབ་བརྟན་སོགས་ཀྱིས་ཞི་དྲག་གི་སྦྱོར་བ་དུ་མས་བཟློག་པར་བྱས། ཁྲི་ཆེན་འདི་ཉིད་ནི་རྣམ་དཀར་དགེ་བའི་ལས་ལ་མཆོག་ཏུ་བརྩོན་ཞིང་། ཁྱད་པར་གསང་སྔགས་ཟབ་མོའི་རྣལ་འབྱོར་ལྷུར་མཛད་དོ། ། དེ་རྗེས་ལྷ་ངག་གི་དབང་ཕྱུག་དགའ་ལྡན་རབ་ཏུ་བརྟན་པ་མི་འགྱུར་རྣམ་པར་རྒྱལ་བ་ཁྲི་ཐོག་ཏུ་བྱོན་ཏེ། ཕུན་སུམ་ཚོགས་པའི་མངའ་ཐང་འགོག་པ་མེད་པའི་སྣང་བ་རབ་ཏུ་རྒྱས་སོ། ། སྨྲས་པ།
མཆོད་སྦྱིན་བརྒྱ་ཡིས་འཆི་མེད་དབང་པོའི་སར༎
སྐབས་གསུམ་རིགས་ཀྱི་བདག་པོར་དབང་སྒྱུར་ན༎
ནོར་འཛིན་ཆོས་བཞིན་སྐྱོང་བའི་ལེགས་བྱས་ཀྱིས༎
སྟོང་གསུམ་ཀུན་ཀྱང་རང་གིར་བྱས་ཀྱིས་དོགས༎
ཨེ་མ་ཁྱོད་ཀྱི་སྡེ་བཞིའི་ནོར༎
བསོད་ནམས་གསེར་གྱི་འཁོར་ལོ་ཡིས༎
དྲངས་པའི་འཛད་མེད་གན་མཛོད་འདི༎
རེ་བ་སྐོང་བའི་དཔག་བསམ་དབང་༎
དེ་ཡང་གནམ་བསྐོས་ཀྱི་རྒྱལ་པོ་འཇམ་དབྱངས་གོང་མ་སེ་ཆེན་གན་གྱི་ལུང་གིས་ཁ་བའི་རྡུལ་མང་ཡོངས་སུ་བརྩེགས་པའི་བོད་དང་བོད་ཆེན་པོའི་རྒྱལ་ཁམས་མཐའ་དག་དཔལ་ལྡན་ས་སྐྱ་པ་ལ་ཕུལ་ཏེ། གནམ་ལ་ཉི་ཟླ་ཟུང་གཅིག་ས་ལ་མཆོད་ཡོན་རྣམ་གཉིས་ཞེས་གྲགས་ཤིང་། དེ་ནས་ཟླ་བའི་འཕྲེང་བ་བཅུ་