[A:༡༩༠]ཉེ་དུས་སུ༔
བདུད་སྤྲུལ་དགུ་དང་དེ་བློན་དགུ༔
བཙན་མོ་ཕྱི་ནང་ལས་བྱེད་དགུ༔
བང་འཕྲིན་དབུ་གཙོ་དམག་དཔོན་དགུ༔
དགུ་དགུ་བརྒྱད་ཅུ་རྩ་གཅིག་གིས༔
འགྲོ་ཀུན་ཁ་ལོ་ཐུར་དུ་འཁྲིད༔
ཅེས་པའི་དུས་རྟགས་ཐོག་ཏུ་ཁེལ་ཏེ། རིན་སྤུངས་པའི་བློན་པོ་ཞིག་གིས་བསམ་འགྲུབ་རྩེའི་རྫོང་དཔོན་གྱི་ཐོག་སྣར་ཐང་པ། ནོར་ཁྱུང་པ། བརྒྱ་ཚོ་བ་སོགས་ལྷོ་བྱང་གི་དཔོན་རིགས་མང་པོ་དང་འབྲེལ་བཏགས་བྱས་པའི་སྡེ་པ་རོང་པར་འབངས་གྱེན་ལོག་གིས། སྡེ་གཟར་ལན་སྔ་ཕྱི་ཁ་ཡར་དུ་བྱུང་བའི་མཐར་ཇེ་འཕེལ་དུ་སོང་སྟེ། གཙང་སྟོད་རྒྱལ་པོའི་ལུང་གིས་དབུས་གཙང་མཐའ་དག་རིམ་གྱིས་ཆབ་འོག་ཏུ་བཅུག་པའི་མངའ་ཐང་གི་དཔལ་ཕུན་སུམ་ཚོགས་པ་དག་ཇི་ལྟར་ཉི་མའི་དཀྱིལ་འཁོར་སེང་གེ་མོའི་བུའི་མགྲིན་པར་ཆུད་པ་ལྟར། མངའ་འབངས་མཐའ་དག་ཅིག་ཅར་དུ་རང་གིར་འཛིན་པའི་བྱེད་པོ་ནི། རྩོད་དུས་ཀྱི་འཁོར་ལོས་སྒྱུར་བ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་སྟེ། འདི་ཉིད་ནི། གཏེར་སྟོན་དྲི་མེད་ལྷུན་པོའི་ལུང་བསྟན་ལས། སྤྱིར་ཡང་མཐའ་དམག་ལན་བདུན་མཐའ་མ་ལ༔ བཛྲ་པཱ་ཎིའི་སྤྲུལ་པའི་རྒྱལ་པོ་ཞིག༔ བོད་ཁམས་དར་ཅིག་བདེ་ལ་སྦྱོར་བ་འབྱུང་༔ ཞེས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་མིའི་སྲིད་པའི་ཟློས་གར་ཅན་ཡིན་པར་ལུང་གིས་ཟིན་པས། བྱང་སེམས་འཕགས་པ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་འགྲོ་བའི་དོན་དུ་བསམས་བཞིན་ཆོས་ལྡན་རྒྱལ་པོར་སྐྱེ་བ་བཟུང་བས་ཕན་བདེའི་འོད་བརྒྱ་ཕྱོགས་བཅུར་འགྱེད་པ་སྟེ། གང་ཞིག་ཐ་མལ་གྱི་སྐྱེ་བོ་རང་ཉམས་ཀྱིས་སྤྱོད་པའི་སྣང་ཚུལ་གྱི་མུན་པ་མཐའ་དག་རྒྱང་དུ་བསྲིངས་པ་ནི་གོར་མ་ཆག་ལ།
དེ་ཡང་བྱང་ཕྱོགས་ཧོར་སོག་གི་རྒྱལ་ཁམས་ན་སྡེ་ཆེན་པོ་གྲངས་མེད་པ་ཡོད་པའི་ཡ་གྱལ། ཨོ་རོད་ཚོ་བ་བཞིར་གྲགས་པའི་ནང་ཚན། ཧོ་ཤོད་ཀྱི་དཔོན་པོ་ཧ་ནའི་ལ་ཇོ་མོ་ཨ་ཧའི་ཧ་ཐུན་བླངས་པར་སྲས་ལྔ་བྱུང་བའི་གསུམ་པ་