R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༧༥
[A:༧༥]༈ དེ་ལྟར་ཚུལ་བཞིན་རྣམ་པར་སྦྱོད་པ་མ་ཡིན་པའི་སྟོབས་ཀྱི་ཁེངས་པས་དྲེགས་པ་མཐའ་དག་རང་ཉམས་སུ་བྱེད་པའི་ལུགས་ཀུན་ཆུ་ཤིང་གི་སྙིང་པོ་ལྟ་བུར་མཛད་དེ་རབ་ཏུ་ལྕི་བའི་རིན་པོ་ཆེའི་གདན་ཁྲི་ལ་གཡོ་བ་མེད་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་གདུགས་དཀར་པོའི་ཁོར་ཡུག་བདེ་སྐྱིད་ཀྱི་གྲིབ་བསིལ་ལ། སྐྱེ་རྒུ་མཐའ་དག་ངལ་གསོའི་བདེ་བ་ལ་སྤྱོད་པའི་སྐབས། ནག་པོའི་ཕྱོགས་ཀྱིས་ཡིད་རྣམ་པར་བརླམས་པའི་སྡིག་བློན་རྣམས་མི་བཟོད་པའི་ཟུག་རྔུ་ཆེན་པོས་མནར་བར་གྱུར་ཏེ། ཆོས་ཁྲིམས་འཇིག་པའི་གྲོས་བཤམས་ནས། མོ་རྩིས་མཁན་པོ་རྣམས་བྱ་དགས་ཚིམས་པར་བྱས་ནས། ལྷ་སྲས་གཙང་མ་མ་སྤྱུགས་ན། རྒྱལ་སྲིད་འཇིག་པར་ལུང་བསྟན་པ་བཞིན་དུ་མོན་ལ་སྤྱུགས། སྦས་སྟག་སྣས་བློན་པོ་བྲན་ཁ་དཔལ་ཡོན་དང་བཙུན་མོ་གཉིས་མཐུན་ཞེས་རྒྱལ་པོ་ལ་ཕྲ་མ་བཅུག་པས། བཙུན་མོ་ངང་ཚུལ་ལྕེབས། བྲན་ཆེན་པོས་ལྕགས་ཀྱི་སྲོག་རྩ་བསྒྲུབས་པས་མ་འགྲུབ་པར་བཀུམ། དེ་རྗེས་བཙད་པོ་བློ་ངན་ཞེས་པ་ཆུ་མོ་བྱའི་ལོ་ལ་སྦས་སྟག་སྣ་སོགས་སྡིག་བློན་རྣམས་ཀྱིས་ཞལ་ལྟག་པའི་ངོས་སུ་གཅུས་ཏེ་བཀྲོངས་ནས་བང་སོ་དོན་མཁར་མདའི་གཡོན་ཕྱོགས་སུ་བརྩིགས་སོ༎ དེ་ནས་རི་དྭགས་མཚན་མ་ཅན་གྱི་ཀཽ་མུ་དཱི་རྣ་བ་བརྒྱད་པའི་བྱེད་པོས། སཱ་ལའི་ནགས་ལྗོངས་ཀྱི་ཡུལ་གྲུར་ཁོར་ཡུག་ཚར་དུ་དངར་བའི་སྤྲིན་གྱི་སོ་ཅན་དག་གི་ལོང་སུ་སྤྱོད་པའི་ཤེད་ལས་སྐྱེས་པ་མཐའ་དག་གི་བདེ་ལེགས་ཀྱི་མཐུ་ཤིན་ཏུ་ཕྲ་བར་གྱུར་པས། གྱ་གྱུའི་བྲོ་གར་རྩེ་བའི་མདུན་ན་འདོན་བཟློག་ཏུ་མེད་པའི་ལས་ཀྱི་མཐུ་མི་ཟད་པའི་ཆུ་འཛིན་གྱི་འཕྲེང་བ་སྟུག་པོ་ལས། མི་དགེ་བ་བཅུ་ལ་བག་མེད་པར་སྤྱོད་པའི་སྐྱིན་ཐང་དྲག་པོས་ལེགས་བྱས་དཔྱིད་ཀྱི་མ་མའི་མངལ་ཁུར་ལས་འདས་པའི་ཐུབ་བསྟན་མྱུ་གུའི་ཁྲི་ཤིང་གསར་པ་མིང་ཙམ་དུ་གྱུར་པས། ཚངས་འཇོམས་སྡེར་བཅས་རྣམ་པར་དགེ་བའི་གཡུལ་ལས་