R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༧༩
[A:༧༩]བཟུང་། ལྡེ་གཙུག་མགོན་ལ་སྲས་ཁོ་རེ་དང་། ཀྲོང་ངེ་གཉིས་བྱུང་བའི། གཅེན་གྱིས་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་འོད་དུ་གྲགས། འདིའི་དུས་བསྟན་པ་སྔ་དར་ཉམས་ཏེ་པཎྜི་ཏ་འབྱོན་པའི་སྲོལ་ནུབ་ནས་ཡུན་རིང་བར་སོང་ཞིང་དུས་དེར་བལ་པོ་སླེ་རུ་རྩེ་བྱ་བའི་ལོ་ཙཱ་མཁས་པ་ཞིག་གིས་པཎྚི་ཏ་ཕྲ་ལ་རིང་བ་དང་། པཎྜི་ཏ་སྨྲྀཏི་གཉིས་གདན་དྲངས་ཏེ་འོངས་པས། ལོ་ཙཱ་བ་ཤི། པཎྜི་ཏ་གཉིས་ཀྱིས་བོད་སྐད་མི་ཤེས་པས་ཡུན་རིང་པོར་འཁྱམས། སྨྲྀ་ཏིས་རྟ་ནག་ཏུ་ལུག་རྫི་མཛད། འོན་ཀྱང་རིང་མོ་ཞིག་ནས་མཁས་པ་འདྲ་དང་ཕྲད་པས་གཉིས་ཀས་ཁམས་སུ་བྱོན་ཏེ་བཤད་ཉན་གྱི་འཕྲིན་ལས་འགའ་ཞིག་བྱུང་། སྨྲྀ་ཏིས་སྨྲ་སྒོ་མཚོན་ཆར་གྲགས་པའི་བསྟན་བཅོས་མཛད་དོ། ། ལར་ནི་དུས་སྐབས་དེ་དག་ཏུ་ཡང་བོད་སྟོན་གསུང་རབ་ཀྱི་གནས་ལ་བལྟ་བའི་མིག་དང་བྲལ་བའི་དྲེགས་ལྡན་བླུན་པོ་དག་ལ་བཀུར་ཞིང་། པཎྜི་ཏ་སྨྲྀ་ཏི་ལྟ་བུའི་མཁས་པ་ཡང་རྫི་བོ་སོགས་ངན་པའི་ལས་འཆོལ་བ་འདི་དག་ལ་དཔགས་ཀྱང་། རྗེ་བཙུན་ས་པཎ་གྱིས། ཙུ་ཏའི་ཡུལ་དུ་ཕྱིན་པ་ན། ། རྐང་གཉིས་པ་ལ་མིར་མི་རྩི། ། ཞེས་དང་། ཙན་དན་གསེར་ལས་རིན་ཆེ་བ། ། བླུན་པོས་སོལ་བར་བྱས་ཞེས་གྲགས། ། ཞེས་གསུང་བ་ཐུགས་མད་པར་སྣང་ངོ། ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྚི་ཏ་དྷརྨ་པཱ་ལ་སྤྱན་དྲངས་ནས་འདུལ་བའི་བཤད་པ་དང་ལག་ལེན་རྒྱས་པར་མཛད། སློབ་མ་པཱ་ལ་རྣམ་གསུམ་བྱུང་བ་སྟོད་འདུལ་བར་གྲགས། ཁོ་རེའི་སྲས་ལྷ་ལྡེས་པཎྜི་ཏ་སུ་བྷུ་ཏི་ཤྲཱི་ཤཱནྟི་གདན་དྲངས་ནས་ཤེར་ཕྱོགས་ཀྱི་བསྟན་བཅོས་མང་དུ་བསྒྱུར། ལོ་ཆེན་རིན་ཅེན་བཟང་པོ་དབུའི་མཆོད་གནས་སུ་མཛད་ཅིང་། ལོ་ཙཱ་བ་འདི་གུ་གེའི་སའི་ཆར་སྙུང་ཝཾ་རཏྣ་དུ་ཞེས་བྱ་བར་འཁྲུངས་ཤིང་། ལོ་གཉིས་ལོན་པའི་ཚེ་དབྱངས་གསལ་གྱི་སྔགས་གསུང་ཞིང་ས་ལ་རི་མོ་འབྲི་བ་སོགས་ཚེ་རབས་སྔོན་མ་རྣམས་སུ་བླུན་པོ་ལུག་ལྟ་བུའི་སྐྱེ་བ་མ་ཡིན་པར་མཁས་པ་པཎྜི་ཏ་རིམ་