R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༨༡
[A:༨༡]གཏད་ཟིན་ཀྱང་། གར་ལོག་དང་འཐབ་པའི་དམག་དཔོན་དུ་བྱོན་པས་གཡུལ་ཕམ་སྟེ་བཙོན་དུ་ཤོར་བ་ན། གར་ལོག་གིས་དཀོན་ཅོག་གི་སྐྱབས་འགྲོ་འདོར་རམ། ལུས་ཀྱི་ལྗིད་དང་མཉམ་པའི་གསེར་གང་ཡང་རུང་བ་བྱུང་ན་ཕྱིར་གཏོང་ཞེས་པདྨ་ཁ་བྱུང་བས། དབོན་སྲས་རྣམས་ཀྱིས་གསེར་མང་དུ་བཙལ་ཀྱང་ཡུན་དུ་འགོར་ཞིང་། ཡེ་ཤེས་འོད་ཀྱི་གསུང་ལས། ད་ངེད་ན་ཚོད་མཐོན་པོར་གྱུར་པས་འདི་ནས་ཐོན་ཀྱང་བསྟན་འགྲོ་ལ་ཕན་པར་དཀའ་བས། གསེར་རྣམས་ཀྱིས་པཎྜི་ཏ་སྤྱན་དྲོངས་ལ་ཆོས་དར་བར་བྱེད་པའི་བཀའ་གནང་སྟེ། མི་རིང་བར་གྲོངས། ལས་ཆེན་ཀུན་རྒྱལ་བས། ལྷ་བླ་མ་ཡེ་ཤེས་འོད་གསེར་འཚོལ་དུ་བྱོན་པ། གར་ལོག་གི་བཙོན་དུ་བཟུང་བར་བཤད་པ་ནི། སྐྱེ་བོ་ཕལ་པ་ནོར་སློང་བ་ལྟ་བུའི་རྣམ་པ་ཤར་བ་བློ་གྲོས་དམན་པ་སྟེ། འདི་ཉིད་མངའ་རིས་ཀྱི་བཙད་པོ་ཆེན་པོ་ཡིན་པས། རྒྱུ་མཚན་ཞིབ་ཏུ་མ་དཔྱད་པའི་སྐྱོན་ནོ། ། དུས་སྐབས་དེ་དག་ཏུ་རྔ་ལ་ཞོན་ནས་ནམ་མཁའ་ལ་འཕུར་ཐུབ་པའི་རྫུ་འཕྲུལ་ཅན། ཨ་ར་མོ་བནྡྷེ་བཅོ་བརྒྱད་སོགས་ཀྱི་ལུགས་འཛིན་དུ་མས་སྐྱེ་བོ་མཚོན་གྱིས་གསོད་པ་དང་། ཤ་ཆང་བུད་མེད་ལ་བག་མེད་ཏུ་སྤྱོད་པ་དང་། འདུལ་བའི་བསྟན་པ་ཡང་གོང་དུ་བླ་ཆེན་པོ་སོགས་ནས་བརྒྱུད་དེ་དར་རྒྱས་ཆེ་བར་ཡོད་ནའང་། བསྟན་པ་སྔ་དར་གྱི་པཎྜི་ཏའི་ཕྱག་སྲོལ་ཕལ་ཆེར་ཉམས། གསར་དུ་པཎྜི་ཏ་ཚད་ཐུབ་མང་དུ་མ་བྱོན་པ་སོགས་ཀྱིས། བོད་སྟོན་རྣམས་ཀྱིས་སོ་སོའི་འདོད་སྦྱར་གྱི་ལུགས་རེ་བྱས་པས། བསླབ་བའི་གནས་ཕྲ་ཞིང་ཞིབ་པ་མཐའ་དག་ལུང་སྡེ་བཞི། དེ་དག་གི་འགྲེལ་པ་དང་བཅས་པའི་དགོངས་པ་བཞིན་འཕགས་ཡུལ་མཁས་པའི་ལུགས་དང་མཐུན་པ་ཞིག་མེད་པར་མཁྱེན་ནས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས། གངས་ཅན་གྱི་ལྗོངས་འདིར། ལོག་པར་རྟོགས་པའི་ཚུལ་མིན་གྱི་མུན་པ་དྲུངས་ནས་ཕྱུང་བར་བྱ་བའི་གནས་ལྔ་མཁྱེན་པ་རྟ་ལྗང་གི་དབང་པོ་ལྟ་བུ་ཞིག་སྤྱན་དྲང་བར་དགོངས་སོ། ། འོན་ཀྱང་ལས་ཆེན་ཀུན་རྒྱལ་བས། ཨ་ཙརྱ་དམར་