[A:11]གནས་ཚད་ལོ་གྲངས་སྟོང་བརྒྱད་བརྒྱ་ཞེས་པ་ཡང་རགས་རྩིས་ཡིན་གྱི་ཞིབ་ཏུ་རྩིས་ན་སྟོང་བརྒྱད་བརྒྱ་ལ་རིགས་ལྡན་དྲག་པོའི་སྐུ་ཚེའི་སྨད་ལོ་ལྔ་བཅུས་དམན་པ་ཡིན་ཏེ། རྒྱུད་ལས།[B:11] ཀླ་ཀློའི་ཚོགས་ནི་འཁོར་གྱི་སྐྱེ་བོ་དང་བཅས་རབ་ཏུ་བཅད་ནས་མི་ཡི་ལོ་ནི་བརྒྱ་ཕྱེད་ན། རིགས་ལྡན་གྲུབ་པར་འགྱུར་ཏེ། ལྷ་ཡིས་བཀོད་པའི་ཕོ་བྲང་མཐོ་བ་ཀོ་ལ་ཤ་ཡི་རྒྱབ་ཏུའོ་ཞེས་འབྱུང་བས་སོ། །རགས་རྩིས་ཀྱི་ཀླ་ཀློའི་གནས་ཚད་ལོ་སྟོང་བརྒྱད་བརྒྱ་པོ་དེ་ནི་རྒྱ་མཚོ་རྣམ་རྒྱལ་ནས་དྲག་པོའི་བར་རིགས་ལྡན་བཅུ་དྲུག་གི་སྐུ་ཚེའི་ཚད་ཀྱི་ལོ་གྲངས་སུ་འགྱུར་ལ། རྒྱལ་པོ་བཅུ་དྲུག་པོ་དེའི་སྐུ་ཚེ་ལོ་བརྒྱ་བརྒྱར་བྱས་པའི་ལྷག་མ་གཉིས་བརྒྱ་པོ་དེ་ནི་རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་ཀ་གཉིས་ཀྱི་ལོ་ལ་བསྣན་པར་བྱ་བ་ཡིན་ནོ། །ཆ་མཉམ་དུ་བསྣན་ནམ་སྙམ་ན་མ་ཡིན་ཏེ། ལྷག་མ་ཉིས་བརྒྱ་ཞེས་པ་ནི་རགས་པ་ཙམ་ཡིན་པས།
དེ་ལ་གསུམ་བསྲེས་པའི་སྟེང་ནས་བརྒྱད་ཅུ་རྩ་གཉིས་རྒྱ་མཚོ་རྣམ་རྒྱལ་[B:11a]གྱི་བརྒྱའི་སྟེང་དུ་བསྣན་ཞིང་། བརྒྱ་དང་ཉི་ཤུ་རྩ་གཅིག་ནི་རྒྱལ་ཀའི་ལོ་བརྒྱ་ལ་བསྣན་པར་བྱ་བ་ཡིན་ནོ། །རྒྱལ་པོ་གཉིས་ཀྱི་སྐུ་ཚེའི་ཚད་ཀྱི་ལོ་གྲངས་བསྡོམས་པས་བཞི་བརྒྱ་དང་གསུམ་བྱུང་། དེ་ལ་ནི་མེ་མཁའ་རྒྱ་མཚོའི་ལོ་ཟེར་ཞིང་། འདི་ཉིད་ལ་རྩིས་གཞི་བྱས་ནས་རབ་བྱུང་ལ་སོགས་འདས་བློ་བསྲེ་བར་གསུངས་ཏེ། རབ་བྱུང་གི་ལོ་ནི་མེ་མོ་ཡོས་སོ། །ཇི་སྐད་བཤད་པ་ཉིད་ལ་བརྟེན་ནས་རིགས་ལྡན་བཅུ་དྲུག་གི་དང་པོ་གཉིས་ཀྱིས་ཆོས་བསྟན་པའི་ལོ་གྲངས་མི་འདྲ་བའི་ཁྱད་པར་ཤེས་པར་འགྱུར་ཞིང་། ཀླ་ཀློ་ཞུགས་ནས་ལོ་ཇི་ཙམ་ཞིག་སོང་བའི་གྲངས་ཀྱང་རྐྱོང་པར་འགྱུར་བ་ནི།
འགྲེལ་ཆེན་ལས། འདིར་བྱེད་པ་ལ་ངེས་པ་ནི་དེ་བཞིན་གཤེགས་པའི་དུས་