R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 32
[A:32]ཚེ་བཙུན་མོ་ཆུང་བའི་ལྟོ་བར་གདུང་རྒྱུད་ཀྱི་སྲས་གཅིག་ཆགས་ཡོད་པ་ལ་བཙུན་མོ་ཆེ་བས་ཀྱང་སྲས་ལྟོ་བར་ཡོད་ཅེས་རྫུན་བྱས་ཤིང་། ཆུང་བ་ལ་གདུང་རྒྱུད་འཁྲུངས་པའི་ཚེ་སྤྲང་མོའི་བུ་ཆུང་སྐྱེས་མ་ཁད་ཅིག་ཤ་ལ་ཅར་ནས་ང་ལས་སྐྱེས་པ་ཡིན་ཟེར་བ་ན་བློན་པོ་རྣམས་ཀྱིས་ཡུམ་གསུངས་པ་བཞིན་བརྟན་དུ་བཅུག་པས། མངའ་བདག་ཡུམ་བརྟན་ཞེས་གྲགས། གདུང་རྒྱུད་ལ་ཆེན་མས་གནོད་དོགས་ནས་ཉིན་མཚན་དུ་ཉི་འོད་དང་མར་མེའི་འོད་ཀྱིས་བསྲུངས་པས་འོད་བསྲུངས་ཞེས་གྲགས། སྐུ་མཆེད་སྐུ་ནར་མ་སོན་ཀྱང་བློན་པོ་ཆོས་ལ་དགའ་བ་རྣམས་ཀྱིས་ཞུས་ནས་ཇོ་བོ་རྣམ་གཉིས་ཁྲི་སྟེང་དུ་སྤྱན་འདྲེན་པ་དང་། ལྷ་ཁང་ཞིག་པ་སླར་གསོ་བ་སོགས་དཀོན་མཆོག་ལ་[B:34]གུས་པར་མཛད་དོ། །སྲོང་བཙན་འོད་བསྲུངས་ཀྱི་བར་ནི་འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པའི་བསྟན་པ་ལ། ། རྣམ་པ་སྣ་ཚོགས་བྱ་བ་བྱེད། ། བྱང་གི་ཕྱོགས་ལ་བརྟེན་ནས་ནི། ། དེ་ཡི་ཚེ་ན་འབྱུང་བར་འགྱུར། ། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། ། གངས་ཅན་རི་ཡི་ནང་གནས་པའི། ། རྒྱལ་པོ་མི་ཡི་ལྷ་ཞེས་པ། ། ལི་ཙ་བྱི་རྣམས་རིགས་སུ་བྱུང་། ། དེ་ཡང་སྔགས་ཀྱི་དོན་གྲུབ་སྟེ། ། ལོངས་སྤྱོད་ཚེ་དང་ལྡན་པར་འགྱུར། །