R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 66
[A:66]སྡིག་ཡོམས་ཆེ་བ་དང་། འབྲི་གདན་འཐབ་པ་ན་བྱེད་དཀའ་བ་བྱུང་ཞེས་གྲགས་སོ། ། ཁྲི་སྐོར་གཞན་ཆུ་མིག་པ། ཞ་ལུ་བ། ཚོང་དུས་མགུར་མོ་བ། ཐང་པོ་ཆེ་པ་བཞིའི་དཔོན་རབས་དང་། མངའ་ཐང་འདི་བྱུང་གི་གཏམ་ནི་སུ་ལ་ཡང་མ་ཐོས་སོ། ། ཕག་མོ་གྲུ་པ་ནི། བོད་ཀྱི་ཁྲི་དཔོན་ཕལ་ཆེ་བ་བླ་མ་རེའི་འཕྲིན་ལས་ཀྱི་རྒྱུན་ལས་བྱུང་འདུག་པ་བཞིན། འདི་ཡང་འགྲོ་མགོན་རིན་པོ་ཆེས་ས་ཕོ་སྟག་གི་ལོ་ལ་ཕག་མོ་[B:67a]གྲུ་པའི་གདན་ས་བཏབ་ནས། གཞན་དོན་འཕྲིན་ལས་བསམ་གྱིས་མི་ཁྱབ་པར་བསྐྱངས་པའི་མུར་སྣང་། དེ་ལ་འདིའི་གདུང་རབས་ཡིན་པར་དེབ་སྔོན་པར་འཆད་ཀྱང་། བཀའ་བརྒྱུད་གསེར་ཕྲེང་བ་དག་རླངས་ལྷ་གཟིགས་ཀྱི་རིགས་སུ་བཞེད་པ་ལྟར། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ནང་བློན་རླངས་ཁམས་པ་གོ་ཆ་ཞེས་པ་དང་། སློབ་དཔོན་པདྨའི་དངོས་སློབ་ཨ་མེས་བྱང་ཆུབ་འདྲེ་བཀོལ་ཞེས་པ་འགྲོ་གཉིས་ཀྱི་རྒྱུད་དུ་བྱུང་བ་སྟེ། དེ་ཡང་ཁམས་ཀྱི་གནས་དྲུག་གི་ས་ཆར་མགོན་ཉིད་ཀྱི་སྐུ་མཆེད་དུ་གཏོགས་པ། ཡོན་ཆེན་རྒྱལ་བ་སྐྱབས་ཞེས་པ་ལ། རྗེ་སྤྱན་སྔ་གྲགས་པ་འབྱུང་གནས། དབོན་མགོན་པོ་རྒྱལ། ཡོན་ཆེན་སངས་རྒྱས་སྐྱབས་དང་སྲས་གསུམ་འཁྲུངས། རྗེ་སྤྱན་སྔས་ལོ་བཅོ་ལྔ་ལོན་དུས་དབུས་སུ་བྱོན་པ་གདན་སར་བླ་མ་མ་[B:68]འཁོད་འདུག་པས། འབྲི་གུང་ཆོས་རྗེའི་དྲུང་གཞུང་གདམས་ངག་ཡོངས་རྫོགས་གསན། དགུང་ལོ་སུམ་ཅུ་རྩ་བཞི་པ་ས་འབྲུག་ལ་གདན་ས་རིན་པོ་ཆེར་ཕེབས། དེའི་ཚེ་འབྲི་གུང་ཆོས་རྗེ་དགུང་ལོ་དྲུག་ཅུ་རྩ་དྲུག་དང་།ཆོས་རྗེ་ས་སྐྱ་པ་ཉི་ཤུ་རྩ་བདུན་བཞེས་ཤིང་། ཁ་ཆེ་པཎ་ཆེན་གྱིས་བོད་དུ་ལོ་བཅུ་བཞུགས་པའི་ལོ་