R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 69
[A:69]དེ་རྗེས་བཅུ་གཉིས་གསར་མ་བས་གདན་ས་མཛད་། དེ་ཡང་ཚེས་བཞི་པའི་དུས་སུ་ལྷ་གཟིགས་ཀྱི་ཞལ་ངོ་ཞིག་འབྲི་གུང་རྐང་བཞིའི་དཔོན་དུ་ཡོད་པ་ཕག་མོ་གྲུར་བོས་ནས་[B:70a]ཁྲི་དཔོན་དུ་བསྐོས་པས། ཁྲི་དཔོན་རྡོ་རྗེ་དཔལ་ཞེས་གྲགས། འདིས་སྣེ་གདོང་རྩེ། ཚོང་འདུས་བྲག་ཁ། ལྕགས་རྩེ་གྲི་གུ་རྙིང་མ། ཡར་འབྲོག་མཆོད་རྟེན་དཀར་པོ། མོན་མཁར་རྒྱ་ཐང་གཞིས་ཁ་སོགས་ཚ་སྐད་གཏོང་བའི་གཞིས་ཁ་བཅུ་གསུམ་བརྩིགས། ཏའི་སི་ཏུ་བ་ནི་ཆུ་སྟག་ལ་འཁྲུངས།
སྤྱན་སྔ་ཆོས་འབྱུང་དུ་གསུངས།
དགུང་ལོ་བདུན་པ་ལ་སྤྱན་སྔ་ཚེས་བཞི་བ་ལས་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ། མཚན་བྱང་ཆུབ་རྒྱལ་མཚན་དུ་གསོལ། དགུ་པ་ལ་མཁན་པོ་ཚུལ་དར་བ་དང་སློབ་དཔོན་སྤུ་ཧྲང་པ་ལས་རབ་ཏུ་བྱུང་། ཚུལ་དར་བ་འདིས་སྤྱན་སྔ་ཚེས་བཞི་བ་རབ་ཏུ་བྱུང་བའི་མཁན་པོའང་མཛད་ཅིང་། འཕྱོངས་རྒྱས་པའི་ཞལ་ངོ་ཡིན། བླ་མ་ལྷ་ཁང་པས་དབང་བསྐུར་ཏེ་ཆོས་སྒོ་ཆེ། བདེ་མཆོག་གི་བསྙེན་པ་མང་དུ་མཛད་པས་ཕྱག་[B:71]མཐེལ་རྡོལ་བའང་བྱུང་ཟེར། བཅུ་བཞི་པ་ལ་ས་སྐྱར་བྱོན། བདག་ཉིད་ཆེན་པོ་བཟང་པོ་དཔལ་དང་མཇལ། ཉི་ཤུ་པ་ལྕགས་མོ་བྱའི་ལོར་རྒྱལ་པོ་ཆེན་པོ་ཐོ་གན་ཐེ་མུར་གྱིས་སྟག་མགོ་ནོར་བུ་གསུམ་པ་གནང་སྟེ་ཁྲི་དཔོན་དུ་བསྐོས། སྣེ་གདོང་རྩེའི་ཕོ་བྲང་རྒྱ་སྤངས་སྐྱེད་པའི་མཁར་ལས། ཉེ་འཁོར་དུ་གྱང་མོ་ཆེར་གྲགས་པ་སློང་བ། མདུན་དུ་ཤམ་ཆུ་ལ་ཟམ་མོ་ཆེ་ཡ་མཚན་ཅན་འཛུགས་པ་མཛད། ཆབ་སྲིད་ཆོས་བཞིན་དུ་སྐྱོང་བའི་ཆེད་དུ་ཆང་དང་ཕྱི་དྲོའི་ཁ་ཟས་སོགས་སྤོང་བར་མཛད་ཅིང་། དྲུང་ན་འཁོད་པ་རྣམས་ཀྱང་དེ་ལ་འགོད་པར་མཛད། སྐབས་ཤིག་ན་དཔོན་ཆེན་རྒྱལ་བ་བཟང་པོས་དབུས་