R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 76
[A:76]དགུང་ལོ་བཅུ་པ་ལ་རྩེད་ཐང་གི་གདན་ས་གསུམ་པར་བྱོན། དེ་ནས་གྲགས་བྱང་བའི་རྗེས་སུ་རྩེའི་ཁྲི་དཔོན་གྱི་ཐུགས་ཁུར་ལོ་ལྔ་བཞེས་ཏེ། མེ་སྟག་ལོར་ཐེལ་གྱི་སྤྱན་སྔ་མཛད། ཞེ་བདུན་པ་ཤིང་བྱ་ལོར་[B:78]ཀུན་སྤངས་མཛད་དེ། ལྔ་བཅུ་པ་ས་བྱི་ལོར་སྐུ་གཤེགས། བདག་པོ་ཤག་རིན་པ་ཆུ་ཡོས་ལོར་ཐོ་གན་གྱི་ལུང་གིས་ཁྲི་ཐོག་ཏུ་བསྐོས་ཞེས་སྤྱན་སྔ་ཆོས་འབྱུང་དུ་བྱུང་ཡང་། ཏའི་སི་ཏུ་གཤེགས་ལོ་དང་། རྒྱ་ཧོར་བསྟན་པ་བརྗེས་པའི་ལོ་དང་བསྟུན་ན་མི་འགྲིག དགོན་གསར་དུ་བཞུགས་ནས་ཟིན་སྣ་རིན་ཆེན་འཛོམས་བདག་མོར་བཞེས་པ་ལ་སྲས་གྲགས་པ་རྒྱལ་མཚན། བྱང་ཆུབ་རྡོ་རྗེ། བསོད་ནམས་བཟང་པོ། དཔལ་ལྡན་བཟང་པོ། བསོད་ནམས་རྒྱལ་མཚན། སངས་རྒྱས་རྒྱལ་མཚན་དང་དྲུག་འཁྲུངས་བ་ལ་དགོན་གསར་བ་བུ་དྲུག་ཟེར། གྲགས་པ་རྒྱལ་མཚན་ཤིང་སྟག་ལོར་འཁྲུངས། གོ་ཤྲི་བ་གཤེགས་པའི་ཕྱི་ལོ་དང་། ཏ་ཇི་ཆེན་པོ་གཤེགས་པའི་ལོ་བཅུ་པ་ཡིན། འཇམ་དབྱངས་པའི་སྐུའི་སྐྱེ་བར་ཡང་བྱེད། དགུང་ལོ་བདུན་པ་ལ་[B:78a]གདན་སར་མཁན་པོ་གཞོན་དབང་པ་དང་སློབ་དཔོན་ཚུལ རྒྱལ་བ་ལས་རབ་ཏུ་བྱུང་། སྤྱན་སྔ་གྲགས་བྱང་བ་ལས་དབང་ཁྲིད་རྣམས་གསན། བརྒྱད་པ་རྩེད་ཐང་གདན་སར་ཕེབས་པ་ནས་རྣམ་འགྲེལ་དང་བརྟག་གཉིས་སོགས་གསུངས། བཅུ་གཉིས་པ་ཤིང་གླང་ལ་སྣེ་གདོང་རྩེར་ཕེབས། རིན་པོ་ཆེ་བསོད་ གྲགས་པ་ཐེལ་གྱི་སྤྱན་སྔ་མཛད་པའི་སྔ་ལོ་ཡིན། བློན་ཆེན་དབང་འཛིན་སྐུ་ཞང་རྫོང་སྤྱི་གྲགས་རིན་པས་མཛད། བར་སྐབས་ཤིག་ནས་དྲུང་འཁོར་རྣམས་ཀྱིས་མ་ཐེག་པར་གོང་མ་ལ་སྙན་ཕྲ་ཕུལ་ཏེ་རྫོང་སྤྱི་བ་བཀྲོངས། དེ་འཕྲལ་ཡར་ཀླུངས་ཀྱི་དཔོན་སྐྱ་བཅུས་