R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 81
[A:81]ལ་དུས་མི་བདེ་བ་ཕལ་ཆེར་སངས་ཏེ། མཁར་པ་དགེ་སློང་གིས་རྫོང་སྤྱིའི་ལས་ཀ་བཟུང་། གོང་མ་ཉིད་མེ་སྦྲུལ་ཤར་བ་ན་སྐྱིད་ཤོད་དུ་ཕེབས་པ་ནང་སོ་དུ་དབེན་ཤ་ཆེན་མོས་གུས་མཆོད་ཡང་དག་མཛད། འདི་རེས་གཞིས་ཀ་སྣེའུར་མཁས་གྲུབ་ཆོས་རྗེས་ཀྱང་བསྟན་པ་ལ་དགོངས་ནས་མཇལ། གསང་ཕུ་བའི་ཆོས་རྗེ་ཆེན་སློབ་ཀྱིས་མཇལ་བར་ཕེབས་པ་ན། གོང་མའི་ཞབས་ཕྱིར་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ཡོད་པ་[B:83a]དང་། ཆེན་པོ་ཡོན་རྒྱལ་པ་གཉིས་སྒྲོ་གླེང་ལ་བཞེངས་པ། གསང་ཕུ་བ་རྣམ་པའི་ཐུགས་བཞེད། བཤད་པ་ཆེན་པོ་བས་མཛད་དགོས་གསུངས་ནའང་། ཡིད་བཟང་རྩེ་པས་རྩེད་ཐང་པའི་བརྟུལ་ཞུགས་ཀྱིས་གཞུང་ཏོག་བླངས་ནས་འཇོག་མཛད་ཅེས་གྲགས། དུས་མ་བདེ་བའི་དབང་གིས་གཙང་གི་གཞིས་སྐོར་ལ་ནི་ཕེབས་མ་གྲུབ། སྐབས་ཤིག་གོང་ནས་རྒྱལ་པོ་གྱིན་ཐས་གསེར་ཡིག་པ་མང་བོ་མངགས་ཏེ་དབང་གི་འཇའ་ས་གནང་། དེ་ནས་བཟུང་སྟེ་དབང་གྲགས་པ་འབྱུང་གནས་ཟེར། པཎ་ཆེན་ནགས་ཀྱི་རིན་ཆེན་པ། རྒྱ་མ་སྤྱན་སྔ་གཞོན་འོད་པ། རྒོད་ཕྲུག་རས་པ་གྲགས་པ་འབྱུང་གནས། སྤྱན་སྔ་ཉེར་གཉིས་རིན་པོ་ཆེ་སོགས་བསྟེན་ནས་གསུང་ཆོས་མང་དུ་གསན་པས་མཁྱེན་པ་རྒྱ་ཆེ་བར་བྱེད། རྩེད་ཐང་དུ་གདན་ས་བ་[B:84]ཟུར་པ་མེད་ཀྱང་རྩེ་ཉིད་ནས་གཙུག་ལག་ཁང་དང་ལྷ་ཆེན་དང་། གསེར་གྱི་བཀའ་འགྱུར་བཞེངས་པ། ནག་ཆང་གི་ཁྲིམས་སྡོམ་པ། སྒྲུབ་མཆོད་ཆེན་མོ་འཛུགས་པ། འཆད་ཉན་པ་རྣམས་ལ་ཐུགས་རྩིས་ཆེ་བ་སོགས་ཐུགས་ཁུར་གང་དགོས་བཞེས་པ་མཛད་ཅིང་། ཐེལ་དུའང་རི་པ་རྣམས་ལ་མགྱོགས་ཁྲིད་འབོགས་པ་སོགས་སྤྱན་སྔའི་དོད་པོ་མཛད། དགུང་ལོ་སུམ་ཅུ་ལོན་པའི་