R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 82
[A:82]ཆུ་ཕག་ལ་ཡར་རྒྱབ་ནས་ཡབ་ཆེན་བཀུར་སྟི་ཆེན་པོས་སྤྱན་དྲངས་ཏེ་རྩེད་ཐང་ནང་སོར་བཞུགས་སུ་གསོལ། དེ་དུས་སྡེ་དཔོན་མགོས་ཆེ་བ་ཡང་དུ་དབེན་ཤ་གྲགས་པ་དཔལ་བཟང་། རིན་སྤུངས་ནོར་བཟང་དང་དཔལ་རིན་པ་སྐུ་མཆེད། འོལ་ཁ་བ་ནོར་བཟང་དང་རྒྱ་མཚོ་བ་སྐུ་མཆེད། འཕྱོངས་རྒྱས་པ་དཀོན་མཆོག་རིན་ཆེན་པ་དང་[B:84a]སངས་རྒྱས་སྐྱབས་པ་སྐུ་མཆེད་དང་། ཡར་རྒྱབ་པ་རིན་ཆེན་བཟང་པོ། བསམ་སྡེ་རྒྱལ་བུ་གྲགས་ཤེ ། བྱ་རྒྱལ་བ་བཀྲ་ཤིས། འཕན་པོ་དཔལ་འབྱོར་རྒྱལ་པོ། སྐྱ་འོ་རིན་ཆེན་བཟང་པོ། བུ་ཚལ་ལྷ་དབང་པ་སོགས་ཏེ་ཐ་མ་འདི་གླིང་དཀར་གྱི་རྫོང་དཔོན་ཐོག་མ་ཡིན་ཟེར། གྲགས་འབྱུང་བ་དགུང་ལོ་སོ་གཉིས་བཞེས་པ་ཤིང་མོ་གླང་གི་ཚེས་ལྔ་ཞིག་ལ་གཤེགས་པས་ཚེས་ལྔ་རིན་པོ་ཆེར་གྲགས། རྗེ་བཙུན་ཤེས་རབ་སེང་གེ་དང་གཤེགས་ལོ་གཅིག གོང་མ་གཤེགས་པ་ཞིག་ལ་འདི་ཁོ་ན་ཤུལ་ཆེ་བར་བྱེད༑ གཅུང་ཀུན་དགའ་ལེགས་པ་ཆུ་མོ་གླང་གི་ལོ་ལ་དགོན་གསར་དུ་འཁྲུངས། ཆོས་རྒྱལ་ཆེན་པོ་གཤེགས་པའི་ཕྱི་ལོ་ཡིན། བཅུ་བཞི་པ་ལ་རྩེད་ཐང་གདན་སར་ཕེབས། ཚེས་ལྔ་རིན་པོ་ཆེ་གཤེགས་པའི་ཕྱི་ལོ་[B:85]ཡིན། དེ་ནས་ལོ་གསུམ་སོང་བའི་ས་འབྲུག་ལ་རྩེར་བྱོན། ལོ་འདི་ལ་དུ་དབེན་ཤ་ཆེན་ནོ་སྐུ་གཤེགས། དེ་ནས་ལོ་དགུ་སོང་བའི་མེ་གླང་ལ་ཆེ་ས་སངས་རྒྱས་རྒྱལ་མཚན་པ་གཤེགས། ཆེ་ས་འདིས་ཡར་རྒྱབ་ཏུ་ལོ་དགུ་དང་། རྩེད་ཐང་ནང་སོར་ལོ་བཅོ་ལྔ་བཞུགས་ཟེར། དགེ་མོ་སྨྱོན་པར་གྲགས་པས་ཀ་བཞི་བཟུང་། དེ་རྗེས་དགེ་སློང་སྦལ་མིག་པས་བཟུང་ཞིང་། དགེ་སློང་གི་གཅུང་པོ་ལྔ་དར་ཞེས་པས་ཀ་བཞི་ཤར་བཟུང་སྟེ། ཨི་ནག་དབང་འཛིན་བྱས། རིན་སྤུངས་པའི་སྲིང་མོ་ཞིག་