R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 7
[A:7]སྣ་ཆོགས་གཟུགས་དང་ཟླ་བའི་འོད། ། མཐའ་ཡས་དང་ནི་ས་སྐྱོང་དང་། ། དཔལ་སྐྱོང་སེང་གེ་རྣམ་པར་གནོན། །[B:7] སྟོབས་པོ་ཆེ་དང་མ་འགགས་པ། ། མི་ཡི་སེང་གེ་དབང་ཕྱུག་ཆེ། ། མཐའ་ཡས་རྣམ་རྒྱལ་རིགས་ལྡན་དང་། ། གྲགས་པ་རིགས་ལྡན་དེ་ནས་སླར། ། དེ་སྲས་འཁོར་ལོ་ཆེན་པོ་ཅན། ། རིགས་ལྡན་དྲག་པོ་འབྱུང་འགྱུར་ཏེ། ། སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། ། ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། ། ཞེས་རྒྱལ་པོ་ཟླ་བ་བཟང་པོ་ནས་ལྷ་དབང་ལ་སོགས་པའི་ཆོས་རྒྱལ་དྲུག་དང་། གྲགས་པ་ལ་སོགས་པའི་རིགས་ལྡན་ཉི་ཤུ་རྩ་ལྔ་ལུང་བསྟན། དེ་ཡང་སྟོན་པ་ཟིལ་གནོན་གྱི་ལོ་མེ་ཕོ་རྟ་ལ་སྐུ་འཁྲུངས་ནས། སོ་ལྔ་པ་དཔའ་བོ་ལྕགས་འབྲུག་གི་ལོ་ལ་སངས་རྒྱས། ལོ་ཕྱི་མ་ལྕགས་སྦྲུལ་གྱི་ནག་པ་ཟླ་བའི་ཉ་ནས་བཟུང་སྟེ། རྒྱལ་པོ་ཟླ་བ་བཟང་པོ་འཁོར་ཤམ་བྷ་ལའི་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་རྒྱལ་ཕྲན་དང་[B:7a]བཅས་པ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་སྤྱིར་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐམས་ཅད། ཁྱད་པར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་པ་ནི། རྩ་རྒྱུད་ལས། དེ་ནས་ཤམ་བྷ་ལར་གྲགས་ནས། །