[A:8]ཕྱག་ན་རྡོ་རྗེའི་སྤྲུལ་པ་ནི། །
མི་བདག་ཟླ་བཟང་རྫུ་འཕྲུལ་གྱིས། །
རང་ཉིད་དཔལ་ལྡན་ཆོས་དབྱིངས་བྱོན། །
ཞེས་དང་། རྒྱུད་ཕྱི་མར། དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་དབྱིངས་སུ་སྟོབས་བཅུ་པ་ཡིས་སངས་རྒྱས་པ་ཡི་རྒྱུད་རྣམས་མཐའ་དག་བསྟན། ཞེས་དང་།
མདོར་བསྡུས་དང་པོའི་འགྲེལ་པ་ཨ་ཙ་ལ་གརྦྷས་མཛད་པ་ལས། སྔོན་ཤམ་བྷ་ལའི་ཡུལ་ནས་རང་ཉིད་འོངས་ཏེ། ཟླ་བ་བཟང་པོ་ཉི་མའི་འོད་ཀྱིས་ལྷ་མོ་རྣམ་པར་རྒྱལ་མའི་མངལ་ནས་བྱུང་བ།[B:8] ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་རྒྱལ་པོ་རྣམས་ཀྱི་རྗེས་སུ་བགྲོད་བཞིན་པས་དཔལ་ལྡན་འབྲས་སྤུངས་སུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་བསྟན་པའི་ཆེད་དུ་དང་། སེམས་ཅན་མཐའ་དག་གི་ཉེ་བའི་སྐལ་བ་དང་ལྡན་པ་ཉིད་མཐོང་ནས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་དོན་དུ་གསོལ་བ་བཏབ་པ་ནི། ཞེས་གསུངས་པ་རྣམས་ལས་ཤེས་སོ། །རྒྱལ་པོ་དེས་རྩ་བའི་རྒྱུད་བསྡུས་ཤིང་། འགྲེལ་པ་སྟོང་ཕྲག་དྲུག་ཅུ་པ་མཛད་ནས་ཤམ་བྷ་ལར་མི་རྣམས་ལ་བསྟན། དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་རིན་པོ་ཆེ་ལས་གྲུབ་པ་བཞེངས་ཏེ། ལོ་གཅིག་ནས་མྱ་ངན་ལས་འདས། འོ་ན་ཊཱིཀ་ཆེན་དེ་ཉིད་སྣང་བར་སྟོན་པ་སྣ་ཚོགས་ཀྱི་ལོ་[B:8a]ཆུ་ཕོ་རྟ་ལ་སངས་རྒྱས་པར་གསུངས་པ་དང་མི་མཐུན་ནོ་སྙམ་ན། སྐྱོན་མེད་པ་ནི་ཊཱིཀ་ཆེན་དུ་སྟོན་པའི་འཁྲུངས་ལོ་གསུངས་ཟིན་ལ་མི་གསལ་ཡང་།
དོན་དུ་མེ་རྟ་ཡིན་པར་རྗེས་འབྲངས་ཀྱི་མཁས་པ་ཕལ་མོ་ཆེ་བཞེད་ཅིང་།
དགུང་ལོ་སོ་ལྔ་པ་ལ་སངས་རྒྱས་པ་མདོ་སྔགས་ཀྱི་གསུང་རབ་སྤྱི་འགྲེལ་ལས་