R71: པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ།

  • Pagination (Witness A): 66
[A:66]ཡེ་ཤེས་སྣང་བ་ཡིས༎ མུན་པའི་ཀློང་ཆེན་སྐད་ཅིག་བསལ༎ ཞེས་ལྷ་ལུང་དཔལ་གྱི་རྡོ་རྗེས་གླང་དར་བསྒྲལ་ཚུལ། ཐུབ་པའི་བླ་མ་འཇམ་པའི་དབྱངས༎ སྙིགས་མ་ལྔ་ལ་བརྩེར་དགོངས་ནས༎ ཉི་མའི་གཉེན་གྱི་གདུང་འཛིན་པའི༎ ཡེ་ཤེས་འོད་ཅེས་བྱ་བ་འཁྲུངས༎ ལྟ་ངན་བོན་གྱི་གཞུང་ལུགས་དང༎ སྦྱོར་སྒྲོལ་ཆོས་སུ་སྒྲོག་པའི་ངག༎ སྐལ་དམན་མུ་སྟེགས་གཞོགས་འཕྱ་བའི༎ སྤྱོད་པའི་ལམ་ངན་དེངས་པར་མཛད༎ ཅེས་བསྟན་པ་ཕྱི་དར་གྱི་དབུ་བརྩམས་ཚུལ། དེ་ནས་མངའ་རིས་ཀུན་དའི་གཉེན༎ ལོ་ཆེན་སྒྲིབ་བྲལ་ཟླ་བ་དང༎ བྱང་ཕྱོགས་པད་ཚལ་འབྱེད་པའི་ལྷ༎ བློ་ལྡན་སྨྲ་བའི་ཉི་མ་བལྟམས༎ ཞེས་ལོ་ཆེན་རིན་བཟང་དང། རྔོག་བློ་ལྡན་ཤེས་རབ་བྱོན་ཚུལ། དུས་དེར་འཆད་རྩོད་རྩོམ་པ་དང༎ ཐུབ་བསྟན་རིན་ཆེན་འཛིན་པའི་ཕུལ༎ འཇིག་རྟེན་མིག་གྱུར་ལོ་ཙ་བས༎ ཁ་བ་ཅན་ལྗོངས་ཡོངས་སུ་ཁྱབ༎ ཅེས་འབྲོག། འགོས། མར་པ་ལོ་ཙ་སོགས་བསྟན་འཛིན་གྱི་སྐྱེས་བུ་དཔག་མེད་བྱོན་ཚུལ། དུས་འདིར་ངེས་པར་མིའི་དབང་པོ༎ ཚངས་པ་བཞིན་དུ་དགེ་བ་དང༎ དཔལ་དང་འབྱོར་པ་ཕུན་སུམ་ཚོགས༎ བཀྲ་ཤིས་དཔལ་གྱི་མགོན་པོ་དེས༎ ཅེས་སྦྱིན་བདག་གི་ངེས་གནས་ཀྱི་ཚུལ། ས་སྟེངས་འདི་ན་འགྲན་མེད་ཅིང༎ སྐྱ་རེངས་བུ་ལྟར་གྲགས་པའི་ཏོག༎ སྲིད་རྩེའི་བར་དུ་བསྒྲེང་མཁས་པའི༎ བསྟན་པའི་རིང་ལུགས་ཉེ་བར་བཟུང༎ ཞེས་ས་སྐྱ་པའི་བསྟན་པའི་སྦྱིན་གནས་མཆོག་ཏུ་བཞུགས་ཚུལ། དཔལ་ལྡན་ས་སྐྱའི་རིག་འཛིན་དབང༎ ཀུན་དགའི་ཆོས་ཀྱི་འཁོར་ལོ་བསྒྱུར༎ བླ་ན་མེད་པའི་དོན་སྩོལ་བ༎ འདོད་དགུའི་དཔག་བསམ་བཟང་པོ་རྙེད༎ ཅེས་ཁྱད་པར་དེ་དུས་རྡོ་རྗེ་འཆང་སྤྱན་དྲངས་པའི་སྐབས་མཚོན་ཚུལ་རྣམས་ཚིག་ཉུང་ཞིང་དོན་མང་བ། སྡེབས་ལེགས་པའི་ལེགས་པར་བཤད་པས་ཐུགས་མཆོག་