R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༦ན
[A:༦ན]ཡིན་ཅེས། །སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གསུང་རྒྱུན་བདག་གི་བླ་མ་འཇམ་དབྱངས་སྐུ་མཆེད་ལས་དངོས་སུ་ཐོས་སོ། །གདུང་རབས་ཁ་ཅིག་ལས། ཡུལ་མཐོ་ཞིང་ས་གཙང་བ་མངའ་རིས་སྟོད་ཀྱི་སའི་ཆར་བབས་པར་བཤད་དོ། །ལྷ་ཕྲུག་འཁོན་བར་སྐྱེས་དེས་བཙན་བཟའ་ལྕམ་བུ་སྒྲོན་ཁབ་ཏུ་བཞེས་པ་ལ་མིའི་མཆོག་གཅིག་འཁྲུངས་པ་ནི། མཐུ་སྟོབས་དང་རྫུ་འཕྲུལ་ཆེ་བ། བློ་དང་རིག་པར་ལྡན་པ། གཟུགས་དང་ལང་ཚོར་འཛོམ་པ། ཀུན་གྱི་ཡིད་འཕྲོག་པ་ཞིག་བྱུང་བས་འདི་འདྲ་མི་ཡུལ་དུ་འབྱུང་བ་དཀོན་བྱས་ནས་མཚན་དཀོན་པ་རྗེ་གུང་སྟག་ཅེས་བཏགས། འདི་ཡུལ་ཚོལ་དུ་བཏང་བས་བསམ་ཡས་ལ་ཡུལ་གྱི་དགེ་འམ་ཡོན་ཏན་བཅུ་ག་ཚང་སྟེ་རྒྱལ་པོས་བཟུང་ཚར་བ་དང་། ལ་སྟོད་གཉེན་རྩེ་ཐར་གྱི་ཡ་ཆང་ལ་ཡུལ་གྱི་དགེ་བརྒྱད་ཚང་བར་གཟིགས་ནས་བཟུང་སྟེ། དེ་ཡང་དགེ་བརྒྱད་ནི་སའི་དགེ་ཞིང་ཐང་ཆེན་ཐང་ཆུང་ནི་ཁང་ས་དང་ཞིང་སར་བཟང་། ཆུའི་དགེ་མཚོ་ཆེན་མཚོ་མོ་ནི་འཐུང་ཆུ་དང་ཞིང་ཆུ་རུ་བཟང་། ཤིང་གི་དགེ་ནགས་དགུན་ཐ་དང་དགུན་སྨུག་ནི་ཁང་ཤིང་དང་བུད་ཤིང་དུ་བཟང་། རྩྭའི་དགེ་ཐར་གྱི་ཡ་ཆད་ནི་གམ་འབྲོག་དང་རྒྱད་འབྲོག་ཏུ་བཟང་བའོ། །དགེ་བཅུ་ལ་སྟག་ཚང་ལོ་ཙཱ་བས། གོང་གི་བརྒྱད་པོའི་སྟེང་དུ་ཁ་ཅིག ཕུ་ན་ལ་སྒོ། མདའ་ན་གྲུ་སྒོ་ཡོད་པ་ཟེར་མོད་ཀྱང་། དེ་གཉིས་བཅུད་ཀྱི་ཡོན་ཏན་ཡིན་པས་མི་འཐད་ཀྱི། གཞན་བརྒྱད་སྣོད་ཀྱི་ཡོན་ཏན་ཡིན་པ་བཞིན་དུ། རྡོའི་དགེ་ཁང་རྡོ་དང་འཐག་རྡོ་ཞེས་བྱ་ལ། གཉིས་ཚན་ནང་ཕན་ཚུན་ཚོགས་པ་ཤིན་ཏུ་འགལ་བས། གཅིག་ཡོད་ས་ན་ཅིག་ཤོས་ཡོད་པ་ཤིན་ཏུ་དཀོན་