[A:༦༦ན]བ་དང་། ཁ་དོན་དུ་བྱེད་པ་དེ་དག་གི་རྒྱུད་ལ་མཛད་པ་པོའི་ཡེ་ཤེས་གཟིགས་པའི་དམ་པ་འཇུག་པར་གྱུར་ཅིག་ཅེས་དགེ་སློང་འཕགས་པས་སྨྲས་སོ་ཞེས་བྱ་བ་ལེགས་པར་བཀོད་དོ། །
གཉིས་པ་བྱང་ཕྱོགས་ཧོར་གྱི་ཡུལ་དུ་བསྟན་པའི་བྱ་བ་ཇི་ལྟར་མཛད་པའི་ཚུལ་ནི། བོད་ཀྱི་ཡུལ་འདིར་བདག་ཉིད་ཆེན་པོས་ཐུབ་པའི་བསྟན་པ་ལ་མཛད་པ་རྒྱ་ཆེ་བ་གྲུབ་པའི་སྐབས་སུ། ཧོར་ཞེས་བྱ་བའི་སྐྱེ་བོ་གདུག་པ་ཅན་བླང་དོར་གྱི་གནས་ལ་དུད་འགྲོ་བས་རྨོངས་ཤིང་། སྙིང་རྗེ་ནི་ལས་ཀྱི་གཤིན་རྗེ་བས་ཀྱང་ཆུང་། ལུས་ཀྱི་རྩལ་ནི་གནོད་སྦྱིན་བས་ཀྱང་ཆེ། ལྷ་མ་ཡིན་གྱི་དཔུང་ཚོགས་ལྟར་གྲངས་མང་ཞིང་འཇིགས་སུ་རུང་བ་ཞིག་གིས་ཐོག་མར་རྒྱའི་ཡུལ་དང་། དེ་ནས་མི་ཉག་གི་ཡུལ་ལ་སོགས་པ་བྱང་ཕྱོགས་ཀྱི་རྒྱུད་མཐའ་དག་བདག་གིར་བཟུང་ནས། ཁྱིམ་པ་དང་རབ་ཏུ་བྱུང་བའི་རྣམ་དབྱེ་མེད་པར་ཐམས་ཅད་དམག་ཁྲལ་ལས་གསུམ་གྱི་ཁྱུར་བཅུག་ནས། བསྟན་པའི་མིང་ཙམ་ཡང་མེད་པར་བྱས་ཏེ་རང་གཞན་ཐམས་ཅད་ཕུང་བར་འགྱུར་བར་གཟིགས་ཏེ། དེ་དག་ལ་བཟོད་གླགས་མེད་པའི་སྙིང་རྗེས་ཧོར་རྣམས་ཀྱི་སེམས་ཆོས་ཀྱི་ལམ་ལ་དྲངས་ཏེ་འདུལ་བའི་སྨོན་ལམ་བཏབ་པ་དུས་ལ་བབས་པར་གཟིགས་ཤིང་། ཉིད་ཀྱི་མཁན་པོ་པཎ་ཆེན་ཤཱཀྱ་ཤྲཱི་སིངྒ་ལའི་གླིང་དུ་བྱོན་པ་ན། དེ་ལ་ལྷ་གནམ་ཐེའུ་དཀར་པོས་ཧོར་གྱི་ཡུལ་དུ་འབྱོན་པར་ཞུས་པ་ན། སྒྲོལ་མ་ལ་གསོལ་བ་བཏབ་པས་ཁྱོད་ཀྱིས་ཕྱིན་ཀྱང་ཕན་པ་མེད། ཁྱོད་ཀྱི་སློབ་མ་ཞིག་བོད་ན་ཡོད་དེས་ཕྱིན་ན་ཕན་པར་འགྱུར་བས་ལུང་སྟོན་ཅིག་གསུངས་ཏེ་པཎ་ཆེན་གྱིས་དེ་ལྟར་ལུང་བསྟན་ཅིང་། ཡང་བླ་མ་རྗེ་བཙུན་ཆེན་པོས་