R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༦༦བ
[A:༦༦བ]གཤེགས་ཁར་ཁྱོད་ཀྱི་ཚེ་མཇུག་ཏུ་ཧོར་གྱི་འབོད་མི་ཡོང་། ཕྱིན་ན་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་ཡོང་བས་ཅི་ནས་སོང་ཤིག་ཅེས་ལུང་བསྟན་པས། ཆོས་རྗེ་ཉིད་ཀྱིས་དགུང་ལོ་དྲུག་ཅུ་རེ་གཅིག་ལ་སྔོན་འགྲོའི་ཆོས་འཁོར་ཆེན་པོ་མཛད། རེ་གཉིས་པ་ལ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇིང་གིར་གན་གྱི་སྲས་པོ་ཐོ་ལོ་ནོ་ཡོན་ཞེས་བྱ་བའི་སྲས་ཨེ་ཆེན་གོ་དན་ཞེས་པས་སྤྱན་འདྲེན་གྱི་ཕོ་ཉ་མངགས་ཏེ། དེ་དུས་ཧོར་གྱིས་ཕུལ་བའི་འཇའ་ས་གདན་འདྲེན་མ་ལས་འདི་ལྟར་འབྱུང་སྟེ། ཚེ་རིང་གནམ་གྱི་ཤེད་མོང་ལ་བསོད་ནམས་ཆེན་པོའི་དཔལ་ལ་བརྟེན་ནས་རྒྱལ་པོ་ངེད་ཀྱི་ལུང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་གོ་བར་བྱེད་པའི་གཏམ། ངེད་ཕ་མ་དང་གནམ་སའི་དྲིན་ལན་འཇལ་བའི་ཕྱིར། ལམ་གྱི་བླང་དོར་མ་ནོར་བ་སྟོན་ཤེས་པའི་བླ་མ་གཅིག་དགོས་པ་བརྟག་པ་བྱས་དུས་ཁྱོད་དུ་འདུག་པས། ལམ་གྱི་དཀའ་ཚེགས་ལ་མ་བལྟ་བར་ཡོང་དགོས། གལ་ཏེ་ན་སོ་རྒས་ཟེར་ན་སྔོན་ཐུབ་པའི་དབང་པོས་སེམས་ཅན་གྱི་དོན་དུ་ལུས་གྲངས་མེད་སྦྱིན་པར་གཏོང་བ་ཇི་ཙམ། ཁྱོད་ཀྱིས་ཆོས་གོ་བའི་དམ་བཅའ་དང་ཨེ་འགལ། ངས་མཐའི་ཁྲིམས་ར་བླངས་དམག་དཔུང་ཆེན་པོས་བརྡ་དེད་བྱས་ནས་སེམས་ཅན་མང་པོ་ལ་གནོད་པ་བྱས་ན་མི་སྐྲག་པ་ཨེ་ཡིན། དེས་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་མང་པོ་ལ་སོམས་ལ་ཁྱོད་མགྱོགས་པར་ཤོག ཉི་མ་ནུབ་ཕྱོགས་ཀྱི་བནྡེ་རྣམས་ཁྱོད་ཤེས་སུ་འཇུག་པ་ཡིན། གནང་སྦྱིན་ལ་དངུལ་བྲེ་ཆེན་ལྔ། གོས་ཆེན་གྱི་ཆོས་གོས་མུ་ཏིག་གི་ཚོམ་བུ་ཅན་ལ་མུ་ཏིག་སྟོང་ཕྲག་དྲུག་དང་ཉིས་བརྒྱ། གོས་ལུ་ཧང་གི་རིང་