[A:༦༧ན]འགག ལྷྭམ་འབོབ་དང་བཅས་པ། ཁ་ཏི་ཁ་ཚང་མ་ཡུག་གཉིས། ཐོན་ཏི་ཁ་ཚང་མ་ཡུག་གཉིས། གོས་ཆེན་སྣ་ལྔ་ཡུག་ཉི་ཤུ་རྣམས་ཡོད། འདིའི་ལོན་ལ་རྡོར་སྲི་མགོན་དང་། དབོན་ཇོ་དར་མ་གཉིས་གཏང་བ་ཡིན། འབྲུག་ལོ་ཟླ་བ་བརྒྱད་པའི་གནམ་གང་ལ་བྲིས་ཞེས་པའི་ཞུ་ཡིག་དང་བཅས་པ་ཧོར་གྱི་གདན་འདྲེན་པ་རྣམས་སླེབས་པ་ན། སྐུ་ན་བགྲེས་ནའང་སྔར་བཤད་པའི་རྒྱུ་མཚན་རྣམས་དགོངས་ཏེ། སྐུ་སྲོག་ལ་ཡང་ཕོངས་པ་མེད་པར་བྱོན། དྲུག་ཅུ་རེ་གསུམ་ལ་མི་ཉག་གི་ཡུལ་བྱང་ངོས་སུ་ཕེབས། དེའི་ཚེ་མདོ་ཁམས་ཀྱི་སྟོན་པ་བློ་གྲོས་རབ་གསལ་ཞེས་བྱ་བས་ཆོས་ཀྱི་དྲི་བ་ཞུས་པ་ལ་ལན་འདི་ལྟར་གནང་ནས། གཞུང་ལུགས་ཀྱི་དོན་གསལ་བར་མཛད་དེ། དྲིས་ལན་དངོས་ནི། སྟོན་པ་བློ་གྲོས་རབ་གསལ་གྱིས། །དྲི་བ་འདྲི་དར་རྟེན་བཅས་པ། །བདག་གི་སུག་པར་འཕྲོད་གྱུར་བས། །དེ་ལ་དགའ་བ་རབ་ཏུ་འཕེལ། །ཁྱེད་ཀྱི་དྲི་བ་དང་པོ་རིག་གཏེར་ལས། །གང་ཡོད་དེ་འཇིག་བུམ་པ་བཞིན། །སྒྲ་ཡང་ཡོད་ཅེས་རང་བཞིན་རྟགས། །ཞེས་གསུངས་པ་དང་། སྡོམ་གསུམ་རབ་དབྱེ་ལས། ཆོས་དབྱིངས་ཡོད་པའང་མ་ཡིན་ཏེ། །ཡོད་ཙམ་མི་རྟག་གིས་ཁྱབ་པར། །ཆོས་ཀྱི་གྲགས་པས་གསལ་བར་གསུངས། །ཞེས་གསུངས་པའི་དོན་སྒྲ་ཇི་བཞིན་པ་ལགས་སམ་ཞེས་པ་ནི། དཔལ་ཆོས་ཀྱི་གྲགས་པས་རྟོག་གེ་པའི་སྐབས་སུ། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་སྟེ། །གཞན་ནི་ཀུན་རྫོབ་ཡོད་པ་ཡིན། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་དོན་བྱེད་ནུས་པ་ལ་དོན་དམ་དུ་ཡོད་པ་དང་། དོན་བྱེད་མི་ནུས་པ་