R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༧༠བ
[A:༧༠བ]རྒྱལ་ཁམས་འདི་མི་ཚན་ཆེ་བ་དང་། ཤེས་པ་འཆར་ཆེ་བས་ངོ་ལོག་བྱས་ཀྱིས་དོགས་ནས། ལོ་སྐོར་རེ་ཞིང་སྐྱེས་པ་ལོ་དགུ་ཡན་ཆད་རེ་རེ་ནས་བསད་ཀྱིས་མི་འདང་བས། ཁྱུ་འདེད་བྱས་ཏེ་ཕྱིའི་རྒྱ་མཚོར་འདེབས་པ་ལས། དེ་དག་ལ་ལྷག་པར་བརྩེ་བས་རྒྱལ་པོ་ལ་བཀའ་ནན་ཆེ་བར་སྩལ་ཏེ། དེས་ཀྱང་དབང་ཞུས་པའི་ཡོན་དུ་ཕུལ་ནས་དེ་ཕྱིན་ཆད་ཆད་པ་ཡིན་ནོ་ཞེས་གྲགས་སོ། །དེས་ན་དེང་སང་བྱང་ཕྱོགས་ཀྱི་རྒྱུད་འདིར་བདེ་སྐྱིད་ཅུང་ཟད་ཡོད་པ་ནི་ཆོས་རྗེ་ཁུ་དབོན་གྱི་བཀའ་དྲིན་ཐུན་མོང་མ་ཡིན་པ་ཡིན་ཏེ། དེང་སང་གི་ཕལ་པ་ལྟ་ཅི་སྨོས། དགེ་བཤེས་སུ་ཁས་འཆེ་བ་རྣམས་དང་། དེ་དག་ལས་ཀྱང་རིག་པ་དང་མི་རིག་པ་དཔྱོད་པའི་བློ་ཤིན་ཏུ་གསལ་ཞིང་། བསྟན་པ་དང་སེམས་ཅན་གྱི་དོན་གྱི་འཁུར་ཁྱེར་བར་གྲགས་པ་དག་ཀྱང་དེ་ལྟར་མི་སེམས་པ་ནི་ཐུགས་མི་ཆེད་པའམ་ཐུགས་རྩིང་པར་ཟད་དོ། །དེས་ན་ཁུ་དབོན་འདི་གཉིས་ཀྱིས་སེམས་ཅན་ལ་དངོས་སུ་ཕན་པར་མཛད་པ་འདི་ལྟ་བུ་ནི་བོད་ཀྱི་དགེ་བཤེས་སུས་ཀྱང་བྱས་པ་མེད་དོ། །དེ་ལ་འགའ་ཞིག་ས་སྐྱ་པ་ལྷའི་བུའི་བདུད་ཀྱིས་གཡེངས་པས་ཧོར་དང་འབྲེལ་ལོ་ཞེས་ཟེར་བའང་མི་རིགས་ཏེ། ཧོར་གྱི་ངོར་རབ་ཏུ་བྱུང་བ་ཡང་ཧོར་དང་སྤྱོད་པ་བསྟུན་པ་ཅུང་ཟད་བྱུང་ཡང་། གལ་ཏེ་ས་སྐྱ་པས་དེའི་བློ་དང་མ་བསྟུན་ན་དེ་ཆོས་ལ་འཇུག་པར་མི་ནུས་ཏེ། ཐུབ་པས་ཀྱང་འཇིག་རྟེན་གཞུག་པའི་དོན་དུ་འཇིག་རྟེན་མཐུན་འཇུག་མཛད་པ་ལྟ་བུའོ། །དེ་ཆོས་ལ་མ་ཞུགས་ན་སྔར་བཤད་པའི་ཉེས་དམིགས་རྣམས་ཡོང་བས་དགག་བྱ་བས་དགོས་པ་ཆེ་བ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་རྣམ་པར་ཐར་པ་