R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༧༠ན
[A:༧༠ན]གྲངས་ནི་བརྩི་རྒྱུ་མེད། །མི་འགྲིབ་འཕེལ་བའི་རིང་བསྲེལ་ཡིན། །ཞེས་བྱ་བ་ཡིན་ལ། ང་ལ་རྟེན་འབྱོན་ན་གྲངས་བརྩི་རྒྱུ་མེད་པ་ཅིག་འབྱོན་པ་ཡིན་པས་ཁྱེད་རང་ཚགས་གྱིས་ལ། དར་འདི་དེའི་ན་བཟའ་གྱིས་ཞེས་གསུངས་ཤིང་། ཡང་ངས་ཀུ་རེ་བྱས་པ་ཡིན་མི་ལ་མ་ཟློ་སྡིག་པ་གསོག་པའི་རྒྱུ་ཡིན་གསུངས་ཞེས་ཀྱང་གསུངས་སོ། །དེ་ནས་རིམ་གྱིས་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་དང་། ཆོས་ཀྱི་རྒྱལ་པོ་སེ་ཆེན་གན་ཡོན་མཆོད་དུ་འབྲེལ་ཏེ། རྒྱལ་པོ་འདིའི་འོག་གི་སྐད་རིགས་མི་གཅིག་པའི་རྒྱལ་ཁམས་དཀོན་མཆོག་གསུམ་གྱི་སྒྲ་མི་གྲག་པའི་ཕྱོགས་རྣམས་སུ་ཡང་དཀོན་མཆོག་ལ་དད་པ་སྐྱེས་ནས་ལས་འབྲས་ལ་བླང་དོར་བྱེད་པ་དང་། ཧོར་རྣམས་ཀྱང་ཐེག་པ་ཆེན་པོའི་སེམས་བསྐྱེད་དང་དབང་བསྐུར་ཞུ་བ་དང་། དཀོན་མཆོག་མཆོད་ཅིང་སེམས་ཅན་ལ་ཕན་པ་བསྒྲུབ་པ་དང་། སྡིག་ཏོ་མི་དགེ་བའི་ལས་ལམ་ཆ་ཤས་ཀྱི་སྤངས་ནས་ལམ་བཟང་པོ་ལ་འཇུག་པ་དང་། ཁྱད་པར་བོད་དང་། ཡུ་གུར་དང་། མི་ཉག སྨན་རྩེ་ལ་སོགས་པ་རང་རང་གི་མངའ་འོག་ན་ཡོད་པའི་རབ་ཏུ་བྱུང་བ་དང་། སྔགས་པ་སོགས་ཡོན་ཏན་ཅན་གྱི་མི་རྣམས་ལ་དམག་ཁྲལ་ལས་གསུམ་གྱི་འཚེ་བ་མེད་ཅིང་། བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། གསེར་དངུལ། གོས་དར་ལ་སོགས་པའི་དབུལ་བ་བཟང་ཞིང་གྲངས་མང་བ་ཡང་ནས་ཡང་དུ་འབུལ་བ་དང་། གུག་ཤྲཱི་སོགས་ཀྱི་མིང་བཟང་པོ་བྱིན་ནས་བཀུར་སྟི་རྒྱ་ཆེན་པོ་བྱས་ཏེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་རྙེད་པ་དང་བཀུར་སྟི་བཅས་ཏེ་ཡུན་རིང་དུ་གནས་པ་དང་། གཞན་ཡང་ཧོར་གྱི་