[A:༧༡ན]ཡིན་ཏེ། བློ་དམན་རྣམས་ནི་མོས་པར་དཀའོ། །དོན་འདི་ལ་དགོངས་ནས་ཆོས་རྗེ་པས་ཉིད་ཀྱི་སྐུ་ཚེའི་འདུ་བྱེད་གཏོང་བའི་ཚེའང་། མགོན་པོ་ཁྱོད་ཀྱི་གསུང་རབ་མཆོག །ནན་ཏན་གྱིས་ནི་བཀའ་སྩལ་པ། །འབད་པས་ཅི་ནུས་བསྒྲུབ་པའི་ཚེ། །བར་དུ་གཅོད་པའི་ཆོས་དེ་སྒྲོལ། །དེ་ནས་ཇི་སྐད་གསུངས་པ་ཡི། །བཀའ་སྩལ་དེ་དག་བཅིངས་པ་བཞིན། །རྣམ་པ་ཀུན་ཏུ་ཐོག་ཏུ་བབས། །བདེན་གསུངས་ཁྱེད་ལ་བདག་སྐྱབས་མཆི། །ཞེས་གསུངས་སོ། །དེས་ན་བྱང་ངོས་སུ་བྱོན་པ་ལ་ཡང་གཞན་གྱི་སྣང་ངོར་འབྱོན་པ་མི་སྤྲོ་པའི་ཚུལ་བསྟན་པ་སོགས་རྣམ་པར་ཐར་པ་འགའ་ཞིག་ཏུ་འབྱུང་མོད་ཀྱི། དོན་ནི་གཞན་དོན་རྒྱ་ཆེ་བའི་རྟེན་འབྲེལ་ཟབ་མོ་མཁྱེན་བཞིན་དུ་བྱོན་པ་སྟེ། དོ་སྐོར་བའི་དྲིས་ལན་ལས། བདག་ཀྱང་སྔོན་གྱི་བྱེད་པ་འགའ་ཡི་རྒྱུས། །བསྟན་པའི་ཉི་མ་ཤར་གྱི་ཕྱོགས་སུ་ཤར། །ཐོས་བསམ་སྒོམ་པ་ཡིད་བཞིན་ནོར་བུ་དེས། །དད་ལྡན་དབུས་གཙང་རེ་བ་མྱུར་དུ་རྫོགས། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་དགུང་ལོ་དྲུག་ཅུ་རྩ་ལྔ་བཞེས་པའི་དུས་སུ་མེ་ཕོ་རྟའི་ལོ་ཟླ་བ་བརྒྱད་པ་ལ་བྱང་ཕྱོགས་ལིང་ཆུར་གདན་ཕེབས་ཏེ། དེའི་དུས་སུ་རྒྱལ་པོ་གོ་དན། གོ་ཡུག་གན་རྒྱལ་སར་སྟོན་པ་ལ་ཧོར་ཡུལ་དུ་བཞུད་ནས་ཚུར་བྱོན་པ་དང་ལུག་ལོ་ཟླ་བ་དང་པོ་ལ་མཇལ། རྒྱལ་པོ་ཡང་ཤིན་ཏུ་མཉེས་ནས་ཆོས་དང་འཇིག་རྟེན་ལུགས་ཀྱི་གསུང་གླེང་མང་པོ་མཛད་པར་གདའ། དེའི་གོང་དུ་རྒྱལ་པོའི་དྲུང་དུ་བོད་ཀྱི་བནྡེ་འགའ་འདུག་པ་ལ། སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་གྱི་ཁྱད་པར་གང་ཡང་བསྐྱེད་པར་མ་ནུས་སོ། །སྨོན་ལམ་འདེབས་པ་ལ་དབང་བར་ཁས་ལེན་པ་ལ་