[A:༧བ]འཚོས་བོད་ལ་རབ་བྱུང་རུང་མི་རུང་ཉམས་སད་པས། རུང་བར་གཟིགས་ནས་གནང་པའི་བོད་ཀྱི་རབ་བྱུང་གི་ཐོག་མ་སད་མི་མི་བདུན་དུ་དྲགས་པ་ལོ་ཙཱ་བ་ཁྱད་པར་ཅན་སྤྲུལ་པའི་གང་ཟག་བདུན་ལ། རྒན་གསུམ། གཞོན་གསུམ། བར་པ་གཅིག་རྣམས་བྱུང་བའི་གཞོན་གསུམ་གྱི་བར་པ་འཁོན་ནཱ་གེནྡྲ་རཀྵི་ཏ་ཞེས་བྱ་སྟེ། བོད་སྐད་དུ་ཀླུའི་དབང་པོ་བསྲུངས་པའོ། །ཁ་ཅིག་འདི་ཁོང་རང་གི་ཞང་པོ་ལས་རབ་ཏུ་བྱུང་ཞེས་ཟེར་བ་ནི་སད་མིར་འདོད་པ་དང་འགལ་ཏེ། སད་མི་བདུན་ལ་སད་མི་ཞེས་པའི་རྒྱུ་མཚན། མཁན་ཆེན་ཞི་བ་འཚོས་བོད་ལ་རབ་བྱུང་རུང་མི་རུང་ཉམས་སད་པ་ན་རུང་བར་དགོངས་ནས། དེའི་དྲུང་དུ་རབ་ཏུ་བྱུང་ཞིང་བོད་དུ་རབ་བྱུང་གི་ཐོག་མ་ཡིན་པས་ན་དེ་སྐད་ཅེས་བྱ་ལ། གླང་ཁམས་པ་ལོ་ཙཱ་བ་ནི་སད་མི་མི་བདུན་གྱི་བར་པ་བདེ་གཤེགས་གོ་ཆ་བསྲུངས་པ་ཞེས་གྲགས་པ་དེ་ཉིད་ཡིན་པས། དེའི་དྲུང་དུ་རབ་ཏུ་བྱུང་ན་འཁོན་འདི་སད་མི་མ་ཡིན་པར་འགྱུར་ཏེ། འདིའི་ཐོག་མར་བོད་ཀྱི་རབ་བྱུང་བྱུང་བར་ཁས་ལེན་དགོས་པས་སོ། །རྒྱུ་མཚན་དེའི་ཕྱིར་ན་མཁན་ཆེན་གྱིས་སྡོམ་ཕྲུག་ཏུ་བཤད་པ་འདི་ཉིད་འཐད་པ་ཡིན་ནོ། །དེས་ན་མཁན་ཆེན་དང་ཞང་པོ་ལ་ཆོས་མང་དུ་བསླབ། ལོ་ཙཱ་ལེགས་པར་མཁྱེན། སློབ་དཔོན་ཆེན་པོ་པདྨ་ལས་ཀྱང་གདམས་ངག་ནོད། ཡེར་པའི་བྲག་ལ་སྒྲུབ་པ་མཛད་པས་གྲུབ་པ་ཐོབ། མཁས་གྲུབ་ཀྱི་གྲགས་པ་ཆེར་བྱུང་བས་འཁོན་ཆོས་ཀྱི་ཆེ་བའི་ཐོག་མ་ཡིན་ནོ། །གཅུང་རྡོ་རྗེ་རིན་པོ་ཆེས་ཀྱང་སློབ་དཔོན་པདྨ་ལས་གསང་སྔགས་རྙིང་མའི་ཆོས་མང་དུ་གསན་ཞིང་བསླབ། གྲུབ་པ་ཡང་ཅི་རིགས་ཐོབ། མཚན་གྲགས་ཐོན། འདིའི་ཡབ་ཡུལ་དུ་འབྲོ་དགྲ་