[A:༧༢བ]བསོད་ནམས་ཅན་ཡིན་པས་གཞན་སུས་ཀྱང་བརླག་པར་མི་ནུས་པས། ནང་གི་བློན་པོ་དང་རྒྱལ་པོ་ལ་ཕྲ་མ་གཞུག་ཟེར་ནས་ཕྲ་མ་བཅུག་པས་དེར་བློན་པོས་བསད། རྒྱལ་པོ་དེས་འཆི་ཁར་སྨོན་ལམ་བཏབ་སྟེ་ང་ཚེ་ཕྱི་མ་རྒྱལ་པོ་གཅིག་གི་བུར་སྐྱེས་ནས་ཁྱེད་རྣམས་ལ་གནོད་པ་སྐྱེལ་ཞིང་། ཁྱེད་རྣམས་བྲན་བཞིན་དུ་འཁོལ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པས་ཇིང་གིར་རྒྱལ་པོའི་ཚ་བོར་སྐྱེས་ནས་གོ་དན་འདི་ཡིན། དེས་བྱང་ངོས་འདིར་འོངས་ནས་ངེད་ཀྱི་སྡོད་སར་ཆུ་དང་འདམ་རྫབ་ཀྱི་སྟེང་དུ་རྟ་རྒྱུགས། དེར་རྟ་བསད། རྟ་ཁྲག་གར་སོང་སར་ངེད་ལ་ལ་ན། ལ་ལ་ཤི ངའི་ལུས་ལ་ཡོད་པའི་སྦལ་ལྕོང་འདི་རྣམས་ཀྱང་ཤི་ལ་ཁད་པ་ལ། ངའི་ལུས་ཀྱི་དྲོད་ཀྱིས་མ་ཤི་བ་ཡིན་ཟེར་ནས་ལུས་ལ་སྦལ་པ་དང་ལྕོང་མོ་ཕྱེད་སྐམ་པ་དང་། ཤི་ལ་ཁད་པ་ཡོད་པ་ལ་དེ་རྣམས་བསྟན་ནས་གོང་གི་བནྡེ་རྣམས་ཀྱིས་གོ་དན་ལ་སྨོན་ལམ་འདྲ་འདེབས་པ་ལས། ངེད་ཀླུ་ལ་ཕན་པ་ཅི་ཡང་མ་བྱུང་། ད་ཁྱེད་ས་སྐྱ་པས་སྨན་དང་བཟའ་རྒྱུ་བྱིན་པས་ངེད་ཀླུ་ལ་ཕན་པར་བྱུང་། ང་གར་ཡང་འགྲོ་མི་ནུས་པ་ད་རེས་ཅུང་ཟད་ཕན་པ་ཡིན། ངའི་དཔོན་དེ་ཤི་ལ་ཁད་ཡོད། དེ་ཤི་ན་གོ་དན་ཡང་འཆི། ངའི་དཔོན་སོས་ན་གོ་དན་ཡང་སོས་པས། རིམ་གྲོ་ཡང་ཆུང་ཆུང་གིས་མི་ཕན་མི་སོས་པས། ཁྱེད་ཀྱིས་ངའི་དཔོན་དང་གོ་དན་གསོ་བའི་འབད་པ་ཆེན་པོ་གྱིས། ངའི་དཔོན་སོས་ན་གོ་དན་ཡང་སོས། དེ་སོས་ན་ཁྱེད་ཀྱང་བཟང་པོར་འགྲོ་ཟེར། དེ་ནས་ཆོས་རྗེ་པའི་ཐུགས་དགོངས་ལ་ད་འདི་ལ་ཐབས་ཅི་བྱས་ན་ཕན་སྙམ་པ་ལ། བར་ཆད་ཅུང་ཟད་ཅིག་གིས་དེ་ཡལ་སོང་གསུངས་སོ། །དེ་ནས་རྒྱལ་པོའི་དོན་དུ་འཕགས་པ་