[A:༧༣ན]སེང་གེ་སྒྲའི་ཆོ་ག་མཛད་པས། རྒྱལ་པོ་ནད་ལས་ཐར་བས་ཤིན་ཏུ་དད་དེ་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་མང་དུ་ཞུས། མཆོད་གནས་རྣམས་ཀྱི་ཕུད་དུ་བཀུར། དེ་ནས་བཟུང་སྟེ་སྐད་རིགས་མི་གཅིག་པའི་གདུལ་བྱ་ཆོས་ལ་མི་དད་པ་རྣམས་ཆོས་ལ་དད་པར་བྱས། དད་པ་རྣམས་ཐེག་པ་ཆེན་པོར་བཅུག མདོར་ན་གདུལ་བྱ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་མཛད་པས་བསྟན་པའི་དར་རྒྱས་ཕུལ་དུ་ཕྱིན་པ་མཛད་དོ། །གཞན་ཡང་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས། དེ་ན་གནས་པའི་རྟོགས་ལྡན་རྒྱན་པོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་ཌོམྦི་ལུགས་ཀྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་སྔོན་དུ་འགྲོ་བ་ཅན་གྱི་རྗེ་བཙུན་བདག་མེད་མའི་སིནྡྷུ་རའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་དང་། དེའི་རྗེས་སུ་རྫོགས་རིམ་ཟབ་མོ་བསམ་གྱིས་མི་ཁྱབ་པའི་མན་ངག་བྱིན་ཏེ། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ངོ་སྤྲོད་པར་བྱེད་པའི་གདམས་པ་ཟབ་མོ་གནང་ནས་རྒྱུད་གྲོལ་བར་མཛད་པ་ཡིན་ཏེ། གདམས་པ་དེ་ཉིད་ལས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་རྒྱ་ནག་རི་བོ་རྩེ་ལྡར་ཕེབས་ནས་བཞུགས་པའི་ཚེ། དེ་ན་སྒོམ་ཆེན་ཅིག་གནས་པའི་རྟོགས་ལྡན་རྒྱན་པོ་ཞེས་བྱ་བ་ཞིག་གིས་ཆོས་རྗེ་པ་ལ་བསྐོར་བ་དང་ཕྱག་མང་པོ་བྱེད་ཅིང་འདུག་པ་ལ། ཆོས་རྗེ་པའི་ཞལ་ནས། རྟོགས་ལྡན་པ་བསྐོར་ཕྱག་ཀྱང་ངོ་མཚར་ཆེ་སྟེ། གནས་འདི་འདྲ་ན་འདུག་པ་ལ་གདམས་ངག་བཟང་པོ་ལ་བརྟེན་པའི་སྒོམ་སྒྲུབ་ཅིག་དགོས་པ་ཡིན་ཏེ་ཨང་གསུང་གི་འདུག རྟོགས་ལྡན་པ་དེས་བསམ་མནོ་ཞིག་བཏང་སྟེ་རང་གི་གནས་