[A:༧༦བ]ལྔ་ལ་མཆོད་པ་ལ་ཕྱིན་པས་ཐམས་ཅད་ཀྱི་རྨི་ལམ་དུ་ད་ལྟ་རི་བོ་རྩེ་ལྔ་ན་འཇམ་དཔལ་མི་བཞུགས། ལིང་ཆུ་རྩེ་ཁབ་ན་ཆོས་གསུང་གིན་ཡོད་ཟེར་བ་མཐུན་པར་རྨི་སྟེ། སད་པ་ན་མི་རྣམས་ཀྱིས་ཐེ་ཚོམ་མེད་པར་ལིང་ཆུར་འོང་པས། ཆོས་རྗེ་ཉིད་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསུངས་པ་དང་མཇལ་ཏེ་ཆོས་ཐོབ་བོ་ཞེས་ཡོངས་སུ་གྲགས་སོ། །ཡང་ཆོས་རྗེ་ཉིད་དང་། ཧོར་རྒྱལ་པོ་གོ་དན་གཉིས་འབེལ་བའི་བཀའ་མཆིད་མང་དུ་བྱུང་བའི་འཕྲོས་ཤིག་ལ། མདོ་སྡེ་གསེར་འོད་དམ་པའི་ལུང་གིས། རུས་སྦལ་ལ་སྤུ་མི་འབྱུང་བའི་ཚུལ་བསྙད་པས། དེ་སུན་དབྱུང་བའི་ཕྱིར་རྒྱལ་པོས། ཆོས་རྗེ་པ་ལ་པགས་པ་འདོམ་སྐོར་ཙམ་ལ་སྤུ་རིང་པོ་འཇའ་ཚོན་གྱི་རི་མོ་ཡོད་པ་ཞིག་གཟིགས་ཕུལ་བས། བདག་ཉིད་ཆེན་པོས་གསུང་གིས། འདི་ནི་རུས་སྦལ་གྱི་པགས་པ་ག་ལ་ཡིན། འདི་ནི་ཆུ་ལ་གནས་པའི་སེམས་ཅན་གྱི་དོན་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རུས་སྦལ་འདྲ་བའི་གཟུགས་ཅན་གྱིས་འབྱོན་པར་གསུང་རབ་ལས་བཤད་པ་གང་ཡིན་པ་དེ་ཉིད་ཀྱི་པགས་པ་ཡིན། དེའི་རྒྱུ་མཚན་སྟོན་ཤེས་ཀྱིས་བསྟན་ནས་བལྟ་ཤེས་ཀྱིས་བལྟས་ན་པགས་པ་འདིའི་ངོས་ལ་སངས་རྒྱས་སྟོང་དང་བྱང་སེམས་ཉེ་བའི་སྲས་བརྒྱད་ཀྱི་སྐུ་བརྙན་གསལ་བར་ཡོད་གསུངས་ནས་དེ་དག་བསྟན་པས། དེར་ལྷགས་པའི་སྐྱེ་བོ་ཀུན་ངོ་མཚར་དུ་གྱུར་ཅིང་། རྒྱལ་པོ་ཅུང་ཟད་སྐྱེངས་ཏེ་ལན་ཞིག་བྱ་དགོས་སྙམ་ནས་བློན་པོ་རྣམས་ལ་བཀའ་བགྲོས་ཏེ། སྒྱུ་མ་མཁན་རྣམས་རྫས་སྔགས་ཀྱིས་སྒྱུ་མ་སྤྲུལ་དུ་བཅུག་པས། སྔར་མེད་པའི་ཡུལ་ཡིད་དུ་འོང་བ་ཞིག་ན་གཙུག་ལག་ཁང་སོགས་དགོན་པའི་རྣམ་པ་ངོ་མཚར་ཅན་