[A:༨༣ན]མོའི་སྒྲ་དང་། གླུ་མཆོད་པ་སྣ་ཚོགས་དང་། ས་གཡོ་བ་དང་བཅས་པས་ཞི་བར་གཤེགས་པ་གྱུར་ཏོ། །ཉི་ཤུ་ལྔའི་ཉིན་པར་གདུང་བཞུས་པའི་དུད་པ་ཐམས་ཅད་ཀྱང་འཇའི་རྣམ་པར་གྱུར། རོལ་མོའི་སྒྲ་མང་པོ་ཡང་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་ཐོས་སོ། །གདུང་ཡང་ཕལ་ཆེ་བ་རིང་བསྲེལ་དང་ལྷ་སྐུ་སོགས་རང་བྱོན་བསམ་གྱིས་མི་ཁྱབ་པར་གྱུར་ཏེ། སེམས་ཅན་གྱི་དོན་མཛད་པ་ནི་ཡར་ལུང་པ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རྣམ་ཐར་བསྟོད་པ་ལས། གཙུག་ཏོར་མཆོག་དབུས་ཀྱེ་ཡི་རྡོ་རྗེ་དང་། །འཇམ་པའི་དབྱངས་སྐུ་དྲི་མེད་གསལ་བར་བྱོན། །དཔྲལ་བའི་དབྱིངས་སུ་འཁོར་ལོ་སྡོམ་པའི་ཚོགས། །ལྟག་པའི་ཆ་ལ་སངས་རྒྱས་བཅོམ་ལྡན་འདས། །ཕྲག་པའི་གདུང་ལ་ཁ་སར་པཱ་ཎི་དང་། །རྐང་གི་སྦུབས་སུ་སྤྱན་རས་གཟིགས་དབང་དང་། །སྒལ་བུའི་ཆ་ལ་གསང་བའི་ཡུམ་བཞི་བྱོན། །སྒྲོལ་མ་མི་གཡོ་པུས་གཙུག་རྣམ་པ་གཉིས། །ཕྱག་སོར་གཡས་པ་ཀླུ་ཤིང་ལྗོན་པའི་སྟེང་། །བྱམས་པ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན། །སྤྲུལ་པ་རྣམ་བཅུ་སྐུ་ཡི་རྟེན་དུ་བྱོན། །ཚངས་པའི་གསུང་དབྱངས་སྟོང་ཉིད་སེང་གེའི་སྒྲ། །སྐྱེ་མེད་དོན་སྟོན་ཨ་ཡིག་འབུར་དུ་དོད། །སྙན་གོང་གཉིས་ལ་རྣམ་རྒྱལ་མཆོད་རྟེན་རེ། །དམ་ཚིག་རྡོ་རྗེ་ལྟ་བར་ཧཱུྃ་གིས་མཚན། །ཐུགས་དགོངས་རྣམ་དག་རང་བྱུང་ཆོས་སྐུར་ཤར། །གཞན་ཡང་རིང་བསྲེལ་སྣ་ཚོགས་དཔག་མེད་བྱོན། །ཞེས་གསུངས་པ་ལྟར་ཡིན་ནོ། །བདག་ཉིད་ཆེན་པོ་འདིའི་གདན་ས་ཆེ་འབྲིང་ཆུང་གསུམ་ལས། ཆེ་བ་དཔལ་ལྡན་ས་སྐྱ། བྱང་ཕྱོགས་ལིང་ཆུ་རྩེར་ཁབ། བར་པ་བསམ་ཡས། ཉང་སྟོད་རྐྱང་