[A:༡༠ན]སྐྱོང་གཉན་ནས་སྦེད་མ་ཐུབ་པས། ཕྱིས་ཀྱི་གདུང་བརྒྱུད་རྣམས་ཀྱིས་ཀྱང་འདི་གཉིས་ལ་ཐུགས་དམ་མཛད། ཆོས་སྐྱོང་དཀར་མོ་ཉི་ཟླ་ལྕམ་སྲིང་ལ་དུས་གཏོར་མ་ཆག་པ་འདི་བྱུང་བ་ཡིན་ནོ། །དེ་ནས་གཅེན་གྱི་ཞལ་ནས། ང་ནི་རྒས་འདུག །ཁྱོད་གཞོན་པ་ཡིན་པས་གསང་སྔགས་གསར་འགྱུར་སློབ། དེ་ཡང་ད་ལྟ་འབྲོག་མི་ཤཱཀྱ་ཡེ་ཤེས་མཁས་པས་དེར་རྒྱུག་གསུངས་པ་ལ་དེར་མཐོན། འཁྱིན་ལོ་ཙཱ་བ་ལ་ཀྱེ་རྡོ་རྗེའི་དབང་ཞུས། རྒྱུད་གསན། རྒྱུད་ཅུང་མ་རྫོགས་པ་ལ་འཁྱིན་ལོ་གྲོངས། ཆོས་འཕྲོ་འབྲོག་མིའི་དྲུང་དུ་ཞུས་གསུངས་པ་ལྟར་ཞུར་བྱོན་པས། ཁྱོད་ཀྱི་ཕ་ཤི་ནས་མེས་པོ་སྙེགས་པ་ལགས་སམ་གསུངས་ནས་དགྱེས། ཕྱིས་ཡུལ་ཞིང་འགའ་བཙོངས་ནས་རྟ་བཅུ་བདུན་དང་། རྩྭ་རིན་ནོར་བུའི་ཕྲེང་བ་དང་བཅས་པ་ཕུལ། གསུང་ངག་རིན་པོ་ཆེ་ཞུས་པས་ལམ་སྐོར་ཆ་ལག་འགའ་རེ་གནང་། ཁྱད་པར་རྒྱུད་གསུམ་གྱི་བཤད་པ་རྒྱས་པར་གནང་ནས། བཤད་བཀའ་འཛིན་པའི་བུ་ཆེན་ལྔའི་ནང་ནས་མཆོག་ཏུ་གྱུར། གཞན་ཡང་འགོས་ལོ་ཙཱ་བ་ལ་གསང་འདུས་ཀྱི་སྐོར་གསན། ཨོ་རྒྱན་གྱི་པཎྜི་ཏ་ཤེས་རབ་གསང་བ་ལ་ཐིག་ལེ་ལྔའི་སྐོར། རྨ་ལོ་ཙཱ་བ་ལ་བདེ་མཆོག་དང་གྲུབ་སྙིང་གི་སྐོར་ལ་སོགས་པ་གསན། གཞན་ཡང་མལ་ལོ་ཙཱ་བ། བ་རི་ལོ་ཙཱ་བ། སྤུ་ཧྲང་ལོ་ཙཱ་བ། གནམ་ཁའུ་པ་སྐུ་མཆེད། འཁོན་སྒྱི་ཆུ་བ། སྐྱུ་ར་ཨ་སེང་ལ་སོགས་པ་བླ་མ་དམ་པ་མང་པོ་ལ་སེམས་བསྐྱེད། དབང་བཤད་མན་ངག་མཐའ་ཡས་པ་གསན་ནས་སྔགས་གསར་རྙིང་མཐའ་དག་གི་བདག་པོར་གྱུར། དེ་ནས་ཞང་ཡུལ་འཇག་གཤོང་དུ་ཡབ་དང་གཅེན་གྱི་