[A:༡༠༠ན]ཧོར་ཡིག་གསར་བརྩམས། དེའི་ཕུད་ལ་བནྡེ་གཤེད་བསྐྱེད་ཐགས་གྲུབ་མ་ཕུལ། དེ་ནས་རྒྱལ་པོའི་ཕོ་བྲང་དུ་བྱོན་ནས་ཆོས་འཁོར་བསྐོར་བའི་ཚེ། ཐ་ཤང་ལ་གྱིན་ཞེས་བྱ་བའི་རྗེས་སུ་འབྲངས་ནས། ཟིན་ཤིང་གི་རབ་བྱུང་མང་པོ་ཡོད་པ་ལྟ་བ་ངན་པ་ལ་ཞེན་པ་དག་རང་གཞན་ལ་གནོད་པར་གཟིགས་ནས། རྒྱལ་པོའི་བཀས་བསྐུལ་ཏེ། ཟིན་ཤིང་གི་སྟོན་པ་རིང་དུ་སྦྱངས་པ་རང་གི་གཞུང་ལུགས་མཐར་སོན་པ་བཅུ་བདུན་རིགས་པས་ཕམ་པར་མཛད་ནས་རབ་ཏུ་བྱུང་སྟེ། ཡང་དག་པའི་ལྟ་བ་འཛིན་དུ་བཅུག་གོ །དེ་ནས་དགུང་ལོ་ཉེར་བརྒྱད་པའི་དུས་སུ་ཡར་ཆ་རྐྱེན་མང་དུ་བསྐུར་ནས་དཔོན་ཆེན་ཤཱཀྱ་བཟང་པོས་དབུ་རྩེ་རྙིང་མའི་ནུབ་ཏུ་གསེར་ཐོག་ཆེན་མོ་བཞེངས། དེ་ནས་སོ་གཅིག་པ་ཤིང་མོ་གླང་གི་ལོ་ལ་དཔལ་ལྡན་ས་སྐྱར་ཕེབས། གསེར་ཐོག་ཆེན་མོར་རྡོར་དབྱིངས་ཀྱི་ལྷ་ཚོགས་བཞུགས་པའི་བཀྲ་ཤིས་སྒོ་མང་རིན་པོ་ཆེ་དུ་མས་བརྒྱན་པ་དང་། རྗེ་བཙུན་གོང་མ་རྣམས་ཀྱི་ཕྱི་རྟེན་སྐུ་འབུམ་བདུན་ལ་གདུགས། ཆོས་འཁོར་གསེར་ཟངས་ལས་གྲུབ་པ་དང་། ཁྱད་པར་སྐུ་འབུམ་ལ་གསེར་ཐོག་རྣམས་མཛད། མདོ་རྒྱུད་དང་ཤེར་ཕྱོགས་སོགས་རྒྱལ་བའི་བཀའ་གསེར་གྱི་པོ་ཏི་ཉིས་བརྒྱ་ལྷག་པ་བཞེངས། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་ནས་འགྲོ་བ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད། བདག་ཉིད་ཆེན་པོ་འདི་ཉིད་ཐོས་པ་མཐར་ཕྱིན་ནས་ཆོས་ཀྱི་མངའ་བདག་ཡིན་ཡང་། ང་རྒྱལ་མེད་ཅིང་ཆོས་ལ་གུས་པ་བརྟན་པའི་ཕྱིར། ཆོས་ཀྱི་དོན་དུ་བཤེས་གཉེན་དུ་མ་བསྟེན་ཏེ། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤྲཱི་ཏ་ཐཱ་ག་ཏ་བྷ་དྲ། བླ་མ་རྡོ་རྗེ་འཛིན་པ་གློ་བོ་ལོ་ཙཱ་བ་ཤེས་