[A:༡༤༥ན]ནས་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི་ས་སྐྱ་པའི་གདུང་རབས་ཡ་རབས་ཁ་རྒྱན་ལས། བདག་ཉིད་ཆེན་པོ་བྱོན་ཚུལ་བཤད་པའི་རྗེས་དེ་མ་ཐག་ཏུ། གང་དེའི་བཙུན་མོ་དང་པོ་རྒྱལ་པོའི་ལྕམ། །མུ་ད་གན་གྱི་སྲས་ནི་བསོད་ནམས་བཟང་། །དེ་དང་དཔོན་མོ་བུདྡྷ་གན་གྱི་སྲས། །རཏྣ་ཤྲཱི་ཡང་གཞོན་ནུའི་དུས་སུ་གཤེགས། །བཙུན་མོ་གཉིས་པ་མང་མཁར་སོགས་སྤེ་མ། །ངང་མོའི་སྲས་ནི་ཏི་ཤྲཱི་ཀུན་བློ་ཡིན། །བཙུན་མོ་གསུམ་པ་གླང་མཚོའི་ན་སྤེ་མ། །ནམ་མཁའ་རྒྱལ་མོར་གྲགས་ལ་སྲས་གསུམ་སྟེ། །མཁས་བཙུན་ཆེན་པོ་ནམ་མཁའ་ལེགས་པ་དང་། །ནམ་མཁའ་བཤེས་གཉེན་གུ་ཤྲཱི་ནམ་རྒྱལ་ལོ། །མཁས་བཙུན་ཆེན་པོའི་བཙུན་མོ་ཁང་གསར་མ། །དགེ་འདུན་འབུམ་ལ་ཏ་དབེན་ཀུན་རིན་འཁྲུངས། །ཀུན་རིན་བཙུན་མོ་ཉི་ཐོག་ནམ་པའི་སྲས། །སློབ་དཔོན་ཆེན་པོ་བློ་གྲོས་རྒྱལ་མཚན་ཡིན། །གཉིས་པ་མཉམ་མེད་དབོན་མོ་དགེ་མའི་སྲས། །སློབ་དཔོན་ཆེན་པོ་གྲགས་པ་བློ་གྲོས་དང་། །གཅུང་པོ་ཀུན་དགའ་བློ་གྲོས་རྒྱལ་མཚན་ནོ། །བློ་གྲོས་རྒྱལ་མཚན་བཙུན་མོ་ས་སྐྱ་མ། །རྒྱལ་མོ་སྐྱིད་སྲས་ཀུན་དགའ་དབང་ཕྱུག་སྟེ། །གྲགས་པ་བློ་གྲོས་བཙུན་མོ་བྲག་དཀར་མའི། །སྲས་མཆོག་བློ་གྲོས་དབང་ཕྱུག་གཞི་ཐོག་པའོ། །ཞེས་སོ། །
གཉིས་པ་དེའི་དོན་རྒྱས་པར་བཤད་པ་ནི། སྤྱིར་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་འདི་ཉིད་དང་པོ་གནམ་ལྷ་མཆེད་གསུམ་ལྷ་ལས་བབས་པ་ནས་བཟུང་དེང་སང་གི་བར་དུ་རྒྱུན་མ་ཆད་པར་བྱོན་ནས། དབུས་གཙང་མངའ་རིས་རྒྱ་ཧོར་ལ་སོགས་པ་ཡངས་པའི་རྒྱལ་ཁམས་ཆེན་པོར་