[A:༡༤༥བ]ཀུན་གྱི་འགྲོ་བ་མ་ལུས་པའི་དོན་མཛད་པ་ཡིན་པ་ལས། གདན་ས་འདི་ཉིད་སྤྱི་ལ་དབང་བསྒྱུར་བ་ནི་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཞེས་ཡོངས་ལ་གྲགས་པ་དེ་ཡན་ཆད་ལ་བཤད་ལ། དེ་ནས་བླ་བྲང་གོ་བཞིར་གྱེས་པ་ནི། བདག་ཉིད་ཆེན་པོའི་སྲས་ཏི་ཤྲཱི་ཀུན་དགའ་བློ་གྲོས་ཞེས་བྱ་བ་དེས་གཅུང་རྣམས་ལ་དམ་ཁ་རྣམས་དང་བླ་བྲང་ཁ་བཞི་སོ་སོར་བགོས་ཏེ་གནང་བ་ནས་བྱུང་བར་བཤད་པ་ཡིན་མོད། འདི་ལ་སྟག་ཚང་ལོ་ཙཱ་བ་དང་། ཉི་ལྡེ་བ་ནམ་མཁའ་བཟང་པོ། །དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་དངོས་སློབ་ཤེས་རབ་རྡོ་རྗེ་ལ་སོགས་པ་གདུང་རབས་མཛད་པ་ཕལ་ཆེར་གྱི་བླ་བྲང་གོ་བཞིར་གྱེས་ཚུལ་གོང་ལྟར་ཡིན་པ་བཤད་ཀྱང་། བླ་བྲང་ཁ་བཞིའི་གདུང་རབས་བྱོན་ཚུལ་སོ་སོར་སྡེ་ཚན་མ་བཅད་པར། ཀུན་བསྲེས་ནས་བཤད་པས། བླ་བྲང་སོ་སོའི་གདུང་རབས་ངོས་འཛིན་པ་བློ་དམན་པ་རྣམས་ལ་ཅུང་ཟད་དཀའ་བར་སྣང་ཡང་། རྗེ་བཙུན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་གཉིས་ཀྱི་ནང་ནས། རྫོང་ལུགས་ཀྱི་བསྟན་པའི་གསལ་བྱེད་དམ་པ་མཁས་པའི་དབང་པོ་གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་གདུང་རབས་ལས། ས་སྐྱ་སྤྱི་ལ་དབང་བའི་གདུང་རབ་བྱོན་ཚུལ་སྐབས་གཅིག བླ་བྲང་བཞིའི་གདུང་རབས་རྣམས་བྱོན་ཚུལ་ལ་སྐབས་རེ་རེ་སྟེ། སྐབས་ལྔར་ཕྱེ་ནས་ཤིན་ཏུ་རྟོགས་སླ་ཞིང་བརྗོད་བདེ་བ་དང་། ཁྱད་པར་དུ་རྒྱལ་བ་གཉིས་པ་དཔལ་ལྡན་ས་སྐྱ་པའི་བསྟན་པའི་གསལ་བྱེད་དམ་པ། ཤེས་བྱའི་གནས་མ་ལུས་པ་ཐུགས་སུ་ཆུད་པས། འཆད་པ་དང་། རྩོད་པ་དང་། རྩོམ་པ་ལ་སོགས་པ་མཁས་པའི་བྱ་བ་གང་ལ་ཡང་ཐོགས་པ་མི་མངའ་བའི་མཁྱེན་རབ་