[A:༡༤༦ན]རྒྱལ་བ་ཉིད་དང་མཚུངས་པའི་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཅེས་སྙན་པའི་བ་དན་དཀར་པོ་སྲིད་པ་གསུམ་ན་གཡོ་བ་དེས་མཛད་པའི་རྗེ་བཙུན་ས་སྐྱ་པའི་གདུང་རབས་ཡ་རབས་ཁ་རྒྱན་ལས་ཀྱང་། བླ་བྲང་སོ་སོའི་གདུང་རབས་རྣམས་སྡེ་ཚན་སོ་སོར་བཅད་ནས་འབྱུང་བས། དེས་ན་དེ་ཉིད་ལས་གོ་རིམ་ཇི་ལྟར་འབྱུང་པ་ལྟར་འདིར་རིམ་པ་བཞིན་དུ་བརྗོད་པ་ནི་འདི་ལྟ་སྟེ།
ཏིི་ཤྲི་ཀུན་བློ།
དེ་ཡང་བདག་ཉིད་ཆེན་པོ་འདི་ལ་ཆོས་ཀྱི་རྒྱལ་པོ་འཕགས་པས་ལུང་བསྟན་པ་དང་། རྗེ་བཙུན་མ་སྒྲོལ་མས་ཀྱང་ལུང་བསྟན་བཞིན་སྲས་དུ་མ་ཞིག་འཁྲུངས་ཏེ། འདིའི་རྒྱལ་པོའི་གདུང་བརྒྱུད་སྤེལ་ཅིག་པའི་ལུང་ཕེབས་ནས་ཁབ་ཏུ་བཙུན་མོ་དྲུག་དང་། དེའི་སྔོན་དུ་སྨན་རྩེ་ཞེས་བྱ་བའི་ཡུལ་དུ་རྒྱ་མོ་གཅིག་སྟེ་བདུན་བཞེས་པ་ལས། སྨན་རྩེ་མ་ལ་སྲས་གཅིག་འཁྲུངས་པ་གཞོན་ནུ་ནས་སྐུ་གཤེགས། ཁབ་ཏུ་བཞེས་པའི་བཙུན་མོ་དྲུག་གི་དང་པོ་རྒྱལ་པོའི་ལྕམ་མུ་ད་གན་བྱ་བ་ལ་སྲས་དབང་བསོད་ནམས་བཟང་པོ་ལྕམ་སྲིང་གཉིས་འཁྲུངས་པའི། དབང་བསོད་ནམས་བཟང་པོ་འདིས་གཞོན་ནུ་ནས་རྒྱ་ཡུལ་དུ་བྱོན་ནས། རྒྱལ་པོ་ཡུ་བ་ཏས་སའི་ལེན་དབང་གི་མཚན་གསོལ། དཔོན་མོ་བུདྡྷ་གན་བཙུན་མོར་གནང་སྟེ། བཙུན་མོ་དེ་ལ་མདོ་ཁམས་སུ་ཤིང་བྱིའི་ལོ་རཏྣ་བྷ་དྲ་ཞེས་བྱ་བ་སྲས་སུ་འཁྲུངས་ཏེ་གཞོན་ནུ་ལ་མདོ་ཁམས་སུ་གཤེགས། དེ་ལས་གདུང་བརྒྱུད་རིམ་པར་བརྒྱུད་པ་མ་བྱུང་ལ། ཕྱིས་ཀྱི་གདུང་རབས་མཛད་པ་པོ་ཁ་ཅིག་གིས་དཔོན་མོ་བུདྡྷ་གན་བདག་ཉིད་ཆེན་པོ་རང་གི་བཙུན་མོ་ཡིན་པ་ལྟ་བུ་ཞིག་མཛད་འདུག་ཀྱང་། ཡ་རབས་ཁ་རྒྱན་ལས། མུ་ད་གན་གྱི་སྲས་ནི་བསོད་ནམས་