[A:༡༤༦བ]བཟང་། །དེ་དང་དཔོན་མོ་བུདྡྷ་གན་གྱི་སྲས། །ཞེས་བདག་ཉིད་ཆེན་པོའི་སྲས་དབང་བསོད་ནམས་བཟང་པོའི་བཙུན་མོར་བཤད་པ་དང་། གཞན་ཡང་གདུང་རབས་ཚད་ལྡན་ཐམས་ཅད་ལས་ཀྱང་། བདག་ཉིད་ཆེན་པོའི་བཙུན་མོ་སྨན་རྩེ་མ་དང་། གཞན་ལུང་གིས་ཕུད་པའི་བཙུན་མོ་དྲུག་ལས་མ་བཞེས་བར་བཤད་པ་དང་འགལ་བས་ཅུང་ཟད་མི་འཐད་དམ་སྙམ་མོ། །བདག་ཉིད་ཆེན་པོའི་བཙུན་མོ་གསུམ་པ་ལུང་གིས་ཕུད་པའི་གཉིས་པ་ནི། ཡུལ་མང་མཁར་སོག་སྤེ། མིང་མ་གཅིག་ངང་མོར་གྲགས་པ་སྟེ་འདི་ནི་དཔོན་ཆེན་ཨག་གླེན་གྱི་གོང་དུ་བྱོན་ནས། བདག་ཉིད་ཆེན་པོ་དང་བར་ལམ་དུ་མཇལ། ཧོར་རྒྱལ་པོས་བདག་ཉིད་ཆེན་པོ་ལ་གདུང་བརྒྱུད་སྤེལ་དགོས་པའི་ལུང་ཕེབས་པ་སོགས་ཀྱི་ལོ་རྒྱུས་རྣམས་གོ་བ་དང་། དཔོན་ཆེན་ཤིན་ཏུ་མཉེས་ནས་མ་གཅིག་ངང་མོ་བླ་མའི་བཙུན་མོར་ཕུལ་བར་གྲགས་པ་དེ་ཉིད་ཡིན་ཏེ། དེ་ལ་སྲས་བླ་ཆེན་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཡབ་དགུང་ལོ་སོ་བརྒྱད་པ་ས་མོ་ཕག་གི་ལོ་ལྷ་ཁང་བླ་བྲང་དུ་འཁྲུངས་ཏེ། གཞོན་ནུ་ནས་ཀུན་གྱི་ཡིད་དུ་འོང་བ། སྐུ་གསུང་ཐུགས་ཀྱི་རྩལ་སྟོབས་ཆེ་ཞིང་སྤོབས་པ་ཕུན་སུམ་ཚོགས་པ། བཀུར་འོས་ཀུན་ལ་གུས་པ་དང་ཞེ་སར་བྱེད་པ། མཁྱེན་རབ་དང་བརྩེ་བ་ཆེན་པོ་ཞིག་ཏུ་གྱུར་ནས། ཐོག་མར་ཀློག་ཡིག་ལ་སོགས་པ་བསླབས་པས་ཚེགས་མེད་དུ་བྱང་ཆུབ་པར་མཁྱེན། དེ་ནས་དགེས་པ་རྡོ་རྗེའི་རྒྱུད་བརྟག་གཉིས་ལ་ཐུགས་གཉེར་མཛད་ནས་དགུང་ལོ་དགུ་པའི་དུས་ཐུགས་ལས་གསུངས་པས་ཀུན་གྱི་ངོ་མཚར་དུ་འཛིན་པ་བྱུང་ཞིང་། དེ་ནས་ཚད་མ་རིགས་པའི་བསྟན་བཅོས་ཀྱི་གཙོ་བོ་དཔལ་ཆོས་ཀྱི་