R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༥༢ན
[A:༡༥༢ན]རང་གིས་བཤད་པས། སློབ་མའི་ཚོགས་ཀྱང་དུ་མ་བསྐྲུན་པར་ངེས་ཤིང་། དེ་ལྟར་བསྟན་པའི་བྱ་བ་རྒྱ་ཆེན་པོ་ཞིག་མཛད་ནས་དགུང་ལོ་དོན་གཅིག་པ་ས་སྦྲུལ་གྱི་ལོ་ལ་གཤེགས་ཞེས་སྟག་ཚང་ལོ་ཙཱ་བས་བཤད། ཡང་གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་དགུང་ལོ་བརྒྱད་ཅུ་པ་མེ་ཕོ་སྟག་གི་ལོ་ལ་གཤེགས་ཞེས་ཀྱང་བཤད་པས། གང་ལྟར་ཡང་རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་རྣམས་ཀྱི་ནང་ནས་བླ་མ་འདི་དང་། ཐེག་ཆེན་རིན་པོ་ཆེ་ཀུན་དགའ་བཀྲ་ཤིས་གཉིས་སྐུ་ཚེ་མཐར་ཕྱིན་པ་བྱུང་བ་ཡིན་ནོ། །དེའི་གཅུང་སློབ་དཔོན་ཆེན་པོ་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ནི་སྐྱེས་སྟོབས་ཀྱི་བློ་གྲོས་ཕུན་སུམ་ཚོགས་ཤིང་། ཚོགས་ཆེན་མོར་ཆེ་འདོན་ཀྱང་མཛད། ཚོགས་ཆོས་ཀྱང་གསུངས་པས་ཀུན་ངོ་མཚར་བ་ཞིག་བྱུང་ཡང་སྐུ་གཞོན་ནུ་ལ་ཞི་བར་གཤེགས་ཤིང་། སློབ་དཔོན་ཆེན་པོ་གྲགས་པ་བློ་གྲོས་པ་ལྕམ་སྲིང་གསུམ་བྱུང་པའི་ལྕམ་དེ་ནི་ཆུང་ངུ་ལ་ཤབ་སྨད་དུ་གཤེགས་ཞེས་བཤད་དོ། །ཡང་ཏ་དབེན་ཀུན་རིན་གྱིས་བཙུན་མོ་གཉིས་བཞེས་པའི་ཕྱི་མའི་སྲས་གཅུང་གྲགས་པ་བློ་གྲོས་དང་། སྔ་མའི་སྲས་གཅེན་བློ་གྲོས་རྒྱལ་མཚན་གཉིས་ཀྱིས་བཙུན་མོ་རེ་རེ་བཞེས་པའི་གཅེན་གྱི་བཙུན་མོ་ཡུལ་ས་སྐྱ་མ། མིང་མ་གཅིག་རྒྱལ་མོ་སྐྱིད་ཅེས་བྱ་བ་ལ་སྲས་སློབ་དཔོན་ཆེན་པོ་ཀུན་དགའ་དབང་ཕྱུག་ཅེས་བྱ་བ་ས་ཕོ་ཁྱིའི་ལོ་ལ་བལྟམས་ནས་གཞོན་ནུ་ནས་ཡབ་ཆོས་ལ་གསན་སྦྱོང་མཛད་པས་ཚེགས་མེད་དུ་མཁྱེན་ཅིང་། རྒྱལ་མཁར་རྩེ་པས་ཞབས་ཏོག་དབུ་འདོན་སོགས་མཛད་ནས་གཞི་ཐོག་གདན་སར་བསྐོས། ཐུགས་དམ་ཤིན་ཏུ་འཕེལ་ཞིང་མཐུ་དང་ནུས་པའི་