[A:༡༥༤བ]ནས་ཆོས་མང་པོ་གསུངས། སྙན་གྲགས་ཐོས་པས་གོང་ནས་གདན་འདྲེན་པ་བྱུང་སྟེ་བྱོན་ནས་རྒྱལ་པོ་ཆེན་པོའི་བླ་མ་མཛད་ཅིང་ཏ་དབེན་གུ་ཤྲཱིའི་མཚན་གསོལ། ཤེལ་དམ་ཆེ་བ་ཐོ་ཤུ་དང་བཅས་པ་གནང་། གཞན་ཡང་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དེ་ཆུ་ཕོ་ཁྱིའི་ལོ་ལ་རྒྱལ་པོའི་ཕོ་བྲང་ཆེན་པོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་བདེ་བར་གཤེགས། ཞེས་གྲགས་སོ། །
རིན་ཆེན་སྒང་བླ་བྲང།
འཇམ་དབྱངས་དོན་ཡོན་རྒྱལ་མཚན།
བླ་མ་དེའི་གཅུང་ཆེ་བ་ནི་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དུ་གྲགས་པ་སྟེ། ཡབ་དགུང་ལོ་ཞེ་དགུ་བཞེས་པ་ལྕགས་ཕོ་ཁྱིའི་ལོ་ལ་ཞ་ལུ་ཁང་གསར་དུ་འཁྲུངས་ཏེ། བླ་མ་འདི་ཉིད་སྔོན་གྱི་བསོད་ནམས་ཀྱི་རྒྱུ་མཐུན་པ་ལས་ཉེ་བར་གྲུབ་པས་སྐུ་མཛེས་ཤིང་བརྗིད་ཆགས་པ། མཐོང་བ་ཙམ་གྱིས་སྐྱེ་བོ་ཀུན་གྱི་ཡིད་འཕྲོག་ཅིང་སྐྱེ་བ་བདུན་པའི་མཚན་ཉིད་མངའ་བ། གསུང་སྙན་ཅིང་གདངས་གསལ་བ། བརྗོད་པ་དག་པ། ཐུགས་རང་བཞིན་གྱིས་སྙིང་རྗེ་ཆེ་ཞིང་བྱམས་པའི་སྟོབས་མངའ་བ་སྟེ། མདོར་ན་འགྲོ་བ་ཀུན་གྱི་རྩ་ལག་ཏུ་གྱུར་པ་ཞིག་སྟེ་གཞོན་ནུ་ཉིད་ནས་སངས་རྒྱས་ཀྱི་བསྟན་པ་ལ་དད་གུས་དང་སྲི་ཞུ་ཆེ་ཞིང་། ཡབ་མེས་ཀྱི་ཆོས་ལ་སྦྱངས་པ་མཐར་ཕྱིན་པ་མཛད། གཞན་ཡང་མཁན་ཆེན་བསོད་ནམས་གྲགས་པ། བླ་མ་དཔལ་ལྡན་སེང་གེ དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། བྲག་ཁ་བ་གྲགས་པ་སེང་གེ ཆོས་རྗེ་ན་བཟའ་བ་བསོད་ནམས་དཔལ། རྒྱལ་སྲས་ཐོགས་མེད་པ། བླ་མ་སྲོན་པ་ཆོས་དཔལ་བཟང་པོ་སོགས་གུས་པས་བསྟེན་ནས། དེ་དག་ལ་མངའ་བའི་སེམས་བསྐྱེད། དབང་ཁྲིད་ལུང་མན་ངག་བཤད་བཀའ་དང་བཅས་པ་ལེགས་པར་གསན་ནས་ཐུགས་སུ་ཆུད་པ་མཛད་ཅིང་། ཐོས་བསམ་གྱི་སྒྲོ་འདོགས་