[A:༡༧༧ན]དེའི་འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོད་ཅིང་། དེ་ནས་ཉི་མ་གཉིས་ཙམ་གྱི་བར་དུ་དཔོན་སློབ་རྣམས་ལ་ལམ་ནོར་ཅུང་ཟད་ཞིག་བྱུང་བའི་ཚུལ་བསྟན་ཏེ། ཧོར་སེར་ཡོད་པའི་ས་ཆ་ཞིག་ཏུ་ཕེབས་པ་ན། ཡུལ་དེའི་མི་རྣམས་ཀྱི་ཆ་བྱད་ཀྱང་ལྷ་འདྲེའི་ཆ་ལུགས་ལྟ་བུ་ཡིད་དུ་མི་འོང་པ་འབའ་ཞིག་བྱས་པ་ཤིན་ཏུ་འཇིགས་སུ་རུང་བ་འབའ་ཞིག་འདུག་པ་གཟིགས་པས་སློབ་འཁོར་རྣམས་ཅུང་ཟད་ཐུགས་མ་བདེ་བ་ན། དེའི་གསེབ་ནས་ཧོར་བོད་སྐད་ཅུང་ཟད་ཤེས་པ་ཅིག་བྱུང་ནས། ཁྱེད་རྣམས་ཅི་འདྲ་ཞིག་ཡིན་ཞེས་འདྲི་བ་ལ། རྗེ་ཉིད་ཀྱི་གསུང་གིས། གནས་ས་སྐྱ་ཞེས་བྱ་བ་ནས་འོང་ཞིང་། རིགས་འཕགས་པའི་དཔོན་པོ་ཡིན་པའི་ཚུལ་གསུངས་པས། དེ་ལྟར་ཡིན་ངེས་ན་སྔོན་བླ་མ་འཕགས་པ་བྱ་བ་དང་ངེད་ཧོར་གཉིས་ཡོན་མཆོད་ཡིན་ཞེས་ཟེར་ཞིང་། བདག་ཉིད་ཆེན་པོ་ལ་ཕྱག་དང་བསྐོར་བ་མང་པོ་ཞིག་བྱས་སོང་ནས། དེའི་ནང་པར་ཧོར་གྱི་དཔོན་བློན་ཐམས་ཅད་ཕྱག་འབུལ་ཞིང་བྱིན་རླབས་ཞུ་བ་དང་བསྙེན་བཀུར་རྒྱ་ཆེན་པོ་འབུལ་བ་ལ་བྱུང་སྟེ། ཆོས་ཀྱི་སེམས་དང་བྲལ་ཞིང་སྡིག་པའི་ལས་ལ་དགའ་བའི་ཤིན་ཏུ་རྩུབ་སེམས་དང་ལྡན་པ་རྣམས་ཀྱང་གུས་པར་གྱུར་ཏོ། དེ་ནས་ཀྱང་རིམ་གྱིས་ཕེབས་ཏེ་གྲུབ་རྫ་བྱ་བའི་ཡུལ་མཐོན་པོ་ཞིག་ཏུ་ཆུ་གཏན་ནས་མེད་པར་ཁལ་མ་རྣམས་དང་། དྲུང་ན་གནས་པ་ཐམས་ཅད་ཤིན་ཏུ་སྐོམ་པས་ཉེན་པ་ན་བདག་ཉིད་ཆེན་པོ་འདིས་བྲག་ལ་ཕུར་པ་བཏབ་ནས་སྐོམ་སར་ཆུ་བཏོན་ཏེ་ཐམས་ཅད་སྐོམ་པའི་འཇིགས་པ་ལས་བསྒྲལ་བ་དང་། ཡང་སྐབས་ཤིག་ཏུ་ཁ་བ་ཆེན་པོ་བབས་ཏེ། ལ་ཆེན་པོ་ཞིག་ལ་ལམ་ཐམས་ཅད་ཁ་བས་ནོན་ནས་ཅི་བྱ་