[A:༡༩༦ན]མཆོད་གནས་མཛད་པས་རྒྱལ་པོས་ཀྱང་ཐོ་ལིང་ཏེ་ཧོ། ཏ་དབེན་གུ་ཤྲཱིའི་མཚན་དང་ཤེལ་གྱི་དམ་ཁ་ཐོ་ཤུ་དང་བཅས་པ་ཕུལ། རྒྱལ་པོ་འཁོར་བཅས་སྨིན་གྲོལ་ལ་བཀོད་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེན་པོ་ཞིག་མཛད་ནས། དགུང་ལོ་ཉེར་བརྒྱད་པ་ས་མོ་ཕག་གི་ལོ་རྒྱ་ཡུལ་དུ་བདེ་བར་གཤེགས་ཤིང་།
ཏ་དབེན་བློ་གྲོས་རྒྱལ་མཚན།
དེའི་གཅུང་ཏ་དབེན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་བྱ་བ་ནི། ཡབ་ཏི་ཤྲཱི་ཀུན་དགའ་རྒྱལ་མཚན་གྱི་བཙུན་མོ་གཉིས་པ་ཡུལ་རྟ་སྟེ་ར་ལུང་མ། ཕ་མིང་ཀུན་སྤངས་ཆོས་གྲགས་ཀྱི་ལྕམ་མོ། མིང་མ་གཅིག་བསོད་ནམས་དཔལ་བྱ་བ་ལ། ཆུ་ཕོ་སྤྲེའུ་ལོ་ཟླ་གྲངས་འགའ་ཞིག་གི་ཁྱད་ཙམ་མ་གཏོགས་གཅེན་ཆོས་ཀྱི་རྒྱལ་མཚན་འཁྲུངས་པའི་ལོ་དེ་ཉིད་ལ་ཤལ་ཟུག་ཏུ་འཁྲུངས་པ་ཡིན་ཏེ། བདག་ཉིད་ཆེན་པོ་འདིས་ཆོས་རྗེ་བླ་མ་དམ་པ་དང་། ཀུན་མཁྱེན་ཇོ་ནང་པ་དང་། བུ་སྟོན་ཁ་ཆེ། ས་བཟང་མ་ཏི་སོགས་མཁས་གྲུབ་ཀྱི་བཤེས་གཉེན་ཁྱད་པར་ཅན་མང་དུ་བསྟེན་ནས་དམ་པའི་ཆོས་སྤྱི་དང་། བྱེ་བྲག་ཏུ་ཡབ་མེས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་གསན་ནས་ཐུགས་སུ་ཆུད་པར་མཛད་ཅིང་། ཁྱད་པར་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལ་བདག་ཉིད་ཆེན་པོ་ས་པཎ་དང་། འུ་ཡུག་པ་རིག་པའི་སེང་གེ་གཉིས་ཀྱི་འོག་ནས་བླ་མ་འདི་ལས་རྩོད་པ་བཟང་བ་མ་བྱུང་བར་གྲགས་ལ། བླ་མ་འདིས་གཞི་ཐོག་གདན་ས་མཛད་ནས་ལོ་བཅོ་བརྒྱད་ཀྱི་བར་དུ་གདན་ས་ཆེན་པོའི་ཚོགས་ཆོས་གསུངས། དེའི་རིང་ལ་ཏ་དབེན་གུ་ཤྲཱིའི་མཚན་དང་དམ་ཁ་ཕུལ། ཕྱིས་སུ་གོང་ནས་གསེར་ཡིག་པ་མངགས་ནས་གདན་འདྲེན་བྱུང་བ་ལ། ཞིང་གཞན་གྱི་གདུལ་བྱ་ལ་