R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༩༦བ
[A:༡༩༦བ]དགོངས་ནས་དགུང་ལོ་སོ་གསུམ་པ་ཤིང་ཕོ་འབྲུག་གི་ལོ་ལ་ལྷ་ཁང་བླ་བྲང་གི་གཟིམས་ཁང་བྱང་མར་བདེ་བར་གཤེགས་སོ། །སྐུ་མཆེད་འདི་གཉིས་ཆུ་ཕོ་སྤྲེའུ་ལོ་པ་དགུང་མཉམ་ཡིན་པར་གཙང་བྱམས་པའི་གདུང་རབས་དང་། བླ་མ་དམ་པའི་དངོས་སློབ་ཤེས་རབ་རྡོ་རྗེས་མཛད་པའི་གདུང་རབས་ལས་བཤད་པ་ལྟར་འདིར་ཡང་བཀོད་པ་ཡིན་ལ། ཉི་ལྡེ་བ་དང་སྟག་ཚང་ལོ་ཙཱ་བ་གཉིས་ཀྱིས། གཅེན་ལྕགས་མོ་ལུག་ལོ་པ་དང་། གཅུང་ཆུ་ཕོ་སྤྲེའུ་ལོ་པ་ཡིན་པར་བཤད་ནས། འདས་ལོ་ཡང་འདིར་བཤད་པ་དང་ཅུང་ཟད་མི་མཐུན་ཡང་གང་དག་དཔྱད་པར་བྱའོ། ། ཀུན་དགའ་བཀྲ་ཤིས། དེ་ལྟར་སྐུ་མཆེད་གཉིས་ཀྱི་ནང་ནས་གཅེན་པོ་ཏ་དབེན་ཆོས་ཀྱི་རྒྱལ་མཚན་པ་བསྙེན་རྫོགས་མ་མཛད་གོང་བཙུན་མོ་གསུམ་ཁབ་ཏུ་བཞེས་པའི་དང་པོ་ཡུལ་ཆུ་མདོ་མ། ཉེ་གནས་ནམ་མཁའ་བག་ཤིའི་དབོན་མོ། མིང་མ་གཅིག་རྒྱལ་མོ་མཚོ་བྱ་བ་ལ་སྲས་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་ཡབ་དགུང་ལོ་བཅོ་བརྒྱད་པའི་དུས་མགོན་པོ་འཇམ་པའི་དབྱངས་ཀྱི་སྤྲུལ་པ་བར་མ་ཆད་པ་འབྱོན་པའི་གནས་མཆོག་དཔལ་ས་སྐྱའི་ལྷ་ཁང་ཆེན་མོའི་ཤར་དུ་ས་མོ་གླང་གི་ལོ་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་ཏེ་འཁྲུངས་ཤིང་། འཁྲུངས་མ་ཐག་ནས་བྱིས་པའི་སྤྱོད་པ་ལས་འདས་ཏེ་ཡ་རབ་ཀྱི་སྤྱོད་པ་དུ་མ་དང་ལྡན་པ་ཞིག་ཡིན་ལ། ཁྱད་པར་བདག་ཉིད་ཆེན་པོ་ས་པཎ་གྱིས་སྤྱིར་ངེད་ཀྱི་མི་བརྒྱུད་རྣམས་ལ་འོད་གསལ་ཅུང་ཟད་རེ་རྒྱུན་མི་ཆད་དུ་ཡོང་བ་ཡིན་ཞེས་གསུངས་པ་དང་མཐུན་པར། བདག་ཉིད་ཆེན་པོ་འདི་ལ་ཡང་གཞོན་ནུ་ཉིད་ནས་འོད་གསལ་རྒྱུན་མི་ཆད་པ་མངའ་བ་སྟེ། སྨྲ་མཁྱེན་