[A:༡༩༧ན]ནས་དགུང་ལོ་དྲུག་བདུན་ཙམ་གྱི་བར་དུ་མནལ་དུ་སོང་བའི་ངང་ནས་ཕ་རོལ་པོ་དག་གིས་ཅི་སྨྲས་པ་དང་། བྱ་བྱེད་རྣམས་ཐོགས་མེད་དུ་མཁྱེན་ཏེ་གསུང་བས་ཀུན་ངོ་མཚར་དུ་འཛིན་པ་བྱུང་ཞེས་གྲགས་ཤིང་། གཞན་ཡང་གཞོན་ནུའི་དུས་སུ་མི་རྟག་པ་དང་ངེས་འབྱུང་ཐུགས་ལས་འཁྲུངས་པའི་དབང་གིས་གཟིགས་སྣང་ལ་ཟ་ཟི་བན་བུན་མང་པོ་འབྱུང་གིན་ཡོད་པ་རྣམས་རྗེ་འདི་ཉིད་ཀྱི་སྐུ་ཞང་དགེ་བའི་བཤེས་གཉེན་བཟང་པོ་ཅིག་ཡོད་པ་དེའི་དྲུང་དུ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་གསན་པས། སྔར་གྱི་ཉམས་སྣང་ཕལ་ཆེར་འོད་གསལ་ཟིན་པའི་ལྟས་སུ་ངོ་འཕྲོད་པ་ལ་སོགས་པ་ངོ་མཚར་བའི་ཡོན་ཏན་གྱི་ཁྱད་པར་དུ་མ་གཞོན་ནུ་ཉིད་ནས་མངའ་ཞིང་། དེ་ནས་རིམ་གྱིས་རྒྱ་བོད་ཀྱི་ཡི་གེ་དང་། ཀློག་དང་རྩིས་ལ་སོགས་འཇིག་རྟེན་པ་དང་ཐུན་མོང་གི་རིགས་པ་རྣམས་ནི་བརྡ་སྤྲད་པ་ཙམ་གྱིས་ཐོགས་པ་མེད་པར་མཁྱེན་པའི་བློ་གྲོས་དང་ལྡན་པ་ཞིག་ཡིན་མོད། དེ་ལྟ་ན་ཡང་བདེ་བར་གཤེགས་པའི་བསྟན་པ་རབ་ཏུ་བྱུང་བས་འཛིན་པར་དགོངས་ནས། དགུང་ལོ་བཅུ་དྲུག་བཞེས་པ་ཤིང་ཕོ་འབྲུག་གི་ལོ། ཏ་དབེན་གཞི་ཐོག་པ་ཀུན་དགའ་རིན་ཆེན་དང་། ས་བཟང་མ་ཏི་གཉིས་ཀྱི་དྲུང་དུ་རབ་ཏུ་བྱུང་ནས། མཚན་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ་ཏེ། དེ་ནས་སློབ་དཔོན་ཆོས་ཀྱི་སེངྒེ་ཉེ་བར་བསྟེན་ནས། བཀའ་སྤྱིའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམ་འགྲེལ་སོགས་ཚད་མའི་གཞུང་ལུགས་རྣམས་ལ་གསན་སྦྱོང་མཛད་པ་ན། སྐྱེས་སྟོབས་ཀྱི་ཐུགས་རབ་ཕུལ་དུ་བྱུང་བ་དང་། །སྦྱོར་བྱུང་གི་བརྩོན་འགྲུས་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། ཡི་