[A:༡༩༧བ]དམ་ལྷས་རྗེས་སུ་བཟུང་བ་ལ་བརྟེན་ནས་སྡེ་བདུན་མདོ་དང་བཅས་པའི་ཚིག་དོན་ལ་མ་རྨོངས་ཤིང་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏོ། །དེ་ནས་ཆུ་ཕོ་བྱི་བའི་ལོ་རྗེ་ཉིད་དགུང་ལོ་ཉི་ཤུ་རྩ་གཅིག་བཞེས་པའི་དུས་ཆོས་རྗེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་མཁན་པོ་དང་། ལས་ཀྱི་སློབ་དཔོན་གནས་ལྔ་རིགས་པའི་པཎྜི་ཏ་ཆེན་པོ་མ་ཏི་དྷྭ་ཛ་དང་། གསང་སྟེ་སྟོན་པའི་སློབ་དཔོན་ལོ་ཆེན་བྱང་ཆུབ་རྩེ་མོས་མཛད་དེ། ཕུན་སུམ་ཚོགས་པའི་དད་པའི་དགེ་འདུན་བཅུ་ཕྲག་ཟུང་དང་བཅས་པའི་དབུས་སུ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ངོ་མཚར་བའི་ལྟས་དུ་མ་དང་བཅས་བསྙེན་པར་རྫོགས་པར་མཛད་ནས། ངུར་སྨྲིག་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་ཏོ། །གཞན་ཡང་བདག་ཉིད་ཆེན་པོའི་དྲུང་དུ་ཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད་དང་། རྡོ་རྗེ་ཕུར་པ་ས་ལུགས་ཀྱི་དབང་དང་། གཤེད་དམར་ལྷ་བཅུ་གསུམ་མའི་དབང་ལ་སོགས་པ་དང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་བཤད་པ་ཆོས་རྗེ་བླ་མ་རང་གིས་མཛད་པའི་འགྲེལ་ཆེན་གྱི་སྟེང་ནས་མདོར་བསྡུས་ལྔ་པ་མན་དང་། གཞན་ཡང་དག་ལྗོན་སྤྱི་གསུམ། ཆོས་རྗེ་བླ་མ་རང་གིས་མཛད་པའི་བརྟག་གཉིས་ཀྱི་འགྲེལ་པའི་ལུང་སོགས་དང་། སྒྲུབ་ཐབས་ཀྱི་གཞུང་དང་། གཞན་ཡང་མན་ངག་ལས་ཚོགས་སོགས་སྟོན་པའི་རྒྱ་གཞུང་བོད་གཞུང་། དེ་དག་གི་རྒྱབ་བརྟེན་བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པ་རྒྱུད་ཀྱི་ལུང་ལ་སོགས་པ་མདོར་ན་དབང་ལུང་མན་ངག་རྗེས་གནང་ལ་སོགས་པ་ཆོས་ཀྱི་སྒོ་དུ་མ་གསན་ནས་ཐུགས་སུ་ཆུད་པར་མཛད་ཅིང་། ཁྱད་པར་རིན་ཆེན་སྒང་བླ་བྲང་དུ་