R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༡༣ན
[A:༢༡༣ན]གྲིབ་ལ་བརྟེན་ནས་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས། སྐུ་གདུང་རིན་པོ་ཆེ་རིལ་པོ་དེ་ཞབས་འབྲིང་པ་རྣམས་ཀྱིས་སྤྱན་དྲངས་ཏེ་ད་ལྟ་ཡང་གླིང་དགའ་བདེ་བ་ཅན་གྱི་མཆོད་ཁང་ན་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དམ་པར་བཞུགས་ཤིང་། དེའི་གཅུང་བདག་ཆེན་རིན་ཆེན་རྒྱལ་མཚན་ནི་སྐྱེས་སྟོབས་ཀྱི་ཐུགས་རབ་ཕུལ་དུ་ཕྱིན་པ་དང་ལྡན་ཞིང་གཞོན་ནུ་ནས་རབ་ཏུ་བྱུང་། འཇམ་པའི་དབྱངས་ས་ལོ་ཙཱ་བ་ཆེན་པོ་གུས་པ་ཆེན་པོས་བསྟེན་ནས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་དང་། གཞན་ཡང་བདེ་ཀྱེ་གསང་གསུམ་སོགས་གསང་སྔགས་ཟབ་མོའི་ཆོས་ཀྱི་བཀའ་མང་དུ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དེ། བསྟན་པའི་བྱ་བ་ཐོས་བསམ་སྒོམ་གསུམ་རྒྱ་ཆེར་མཛད། མདོ་ཁམས་སུ་ཕེབས་ནས་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་ནས། དགུང་ལོ་དོན་གསུམ་པའི་ཚེ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཞེས་གྲགས་སོ། ། དེ་རྣམས་ཀྱིས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་གདུང་རབས་ཡ་རབས་ཁ་རྒྱན་ལས་ཇི་ལྟར་འབྱུང་བའི་ལྷ་ཁང་བླ་བྲང་པའི་གདུང་རབས་རིན་པོ་ཆེ་བྱོན་ཚུལ་རྣམས་ལེགས་པར་བསྟན་ཟིན་ནས། ད་ནི་དེ་དག་གི་ཁ་སྐོང་ཅུང་ཟད་བརྗོད་པར་བྱ་སྟེ། འདི་ལ་ཡང་ཚིགས་སུ་བཅད་པའི་སྒོ་ནས་མདོར་བསྟན་པ་དང་། དེའི་དོན་ཅུང་ཟད་ཕྱེ་བ་གཉིས་ལས། དང་པོ་ནི། ཀུན་རྒྱལ་བཙུན་མོ་གླིང་གི་དཔོན་ཆེན་སྲས། །དཀར་མོའི་མཚན་ལ་ཆོས་ཀྱི་རྒྱལ་མཚན་དང་། །གཅུང་པོ་ཀུན་དགའ་ལེགས་འབྱུང་རྣམ་གཉིས་འཁྲུངས། །དེ་རྣམས་ལྷ་ཁང་བླ་བྲང་གདུང་